འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་དྭངས་གཙང་ནུས་རྒྱུའི་དྲོད་རླངས་མཁོ་འདོན་
    གྱི་དཔེ་སྟོན་རྣམ་གྲངས་བེད་སྤྱོད་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ན་ནིང་དེ་གར་གློག་དྲ་ཆེན་པོའི་གློག་འཁྲིད་ཟིན། ང་ཚོ་སྔ་ཙམ་དྭངས་གཙང་སྟབས་བདེའི་གློག་དྲོད་སྒྲིག་ཆས་སྤྱོད་ཐུབ་ནས་རྡོ་སོལ་གྱི་སྦགས་བཙོག་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད”ཅེས་རྒྱལ་སྟོན་གྱི་གུང་གསེང་རྫོགས་རྗེས་སློབ་གྲྭ་ཚུགས་པའི་ཉིན་དང་པོར་སློབ་མ་ཚོ་སློབ་ཁང་དྲོ་སོབ་སོབ་ནང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་བཞིན་པ་མཐོང་བའི་རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་གི་སློབ་སྤྱི་དབང་མགོན་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། དྭངས་གཙང་ནུས་རྒྱུའི་དྲོད་རླངས་མཁོ་འདོན་ཐུབ་པའི་རྨ་སྟོད་རྫོང་གི་ནམ་མཁའ་དེ་བས་སྔོ་ཞིང་དྭངས་པར་གྱུར་ཡོད།
         རང་རྒྱལ་གྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་གཞི་ཁྱོན་ཆེན་པོས་དྭངས་གཙང་ནུས་རྒྱུའི་དྲོད་རླངས་མཁོ་འདོན་བྱས་པའི་དཔེ་སྟོན་རྣམ་གྲངས་དང་པོའི་གྲས་ཤིག་ཡིན་པའི་རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་དུ་ཚད་རྡུལ་ནུས་པའི་ཁྲོ་ཐབ་12ལ་བརྟེན་ཏེ་དྲོད་རླངས་མཁོ་འདོན་ཐུབ་པ་དང་། ཉིན་རེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་ཁྲི་6ཟིན་པ་དེ་ཐོག་ནས་རང་རྒྱལ་གྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དྭངས་གཙང་ནུས་རྒྱུའི་དྲོད་རླངས་མཁོ་འདོན་དཔེ་སྟོན་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཐུབ། “གློག་གིས་རྡོ་སོལ་གྱི་ཚབ་བྱེད་པའི”རྣམ་གྲངས་དེས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་འཕེལ་རྒྱས་དང་། མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
         རྨ་སྟོད་རྫོང་དེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་ཆགས་པ་དང་ཆ་སྙོམས་ས་བབ་སྨི་4100ཟིན་གྱི་ཡོད། མཐོ་གྲང་གི་རྩྭ་ཐང་གནམ་གཤིས་ཀྱིས་ལོ་གཅིག་གི་དུས་ཚིགས་བཞི་དབྱར་དགུན་གཉིས་སུ་ཕྱེ་ཡོད། དེ་གར་དགུན་དུས་རིང་ཞིང་གྲང་ངར་ཆེ་བ་དང་དབྱར་ཁ་ཐུང་ཐུང་ཞིག་ལས་མེད། རྫོང་དེར་དྲོད་ལེན་པའི་དུས་ཚོད་ཟླ་བ་བཅུ་གཅིག་ཟིན་པ་དང་དགུན་དུས་སུ་དྲོད་ལེན་པའི་ཆ་སྙོམས་དུས་ཚོད་ཆུ་ཚོད་18ནས་20བར་ཟིན་པ་དང་དབྱར་དུས་སུ་ཆ་སྙོམས་ཆུ་ཚོད་10ནས་12བར་ཟིན་གྱི་ཡོད། དབུལ་སྐྱོར་ལས་དོན་གྱི་འགན་གཙོ་བོ་འཁུར་མཁན་རྨ་སྟོད་རྫོང་གི་རྫོང་དཔོན་གཞོན་པ་ཡཱ་བཀྲ་ཤིས་ཀྱིས་རྨ་སྟོད་རྫོང་གི་དྭངས་གཙང་ནུས་རྒྱུའི་དྲོད་ལེན་རྣམ་གྲངས་ཚང་མ་བེད་སྤྱོད་གཏོང་ཐུབ་རྗེས་སྔོན་དཔག་བྱས་ན་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་27843གྱི་ཚབ་བྱེད་ཐུབ་པ་དང་སོལ་ཐལ་འབུད་ཚད་ཏུན་18933དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་69413 དབྱང་གཉིས་ཟི་རྫས་འབུད་ཚད་ཏུན་2088 ཏན་དབྱང་འདྲེས་རྫས་འབུད་ཚད་ཏུན་974.5ཉུང་དུ་གཏོང་ཐུབ་ནས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཡིན་པའི་རྨ་སྟོད་རྫོང་ལ་དཔལ་འབྱོར་གྱི་ཕན་འབྲས་དང་། ལྗང་མདོག་གི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དེ་བས་ཆེ་བ་གཏོད་ཐུབ་རྒྱུ་རེད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།