འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ལྕགས་ལམ་གྱི་ལོ་མང་འཁྱག་སའི་ཁུལ་གྱི་ལམ་རྨང་
    སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཉིན་ཤས་གོང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ལྕགས་ལམ་གྱི་ལོ་མང་འཁྱག་སའི་ཁུལ་གྱི་ལམ་རྨང་བརྟན་པོ་བྱུང་ཚད་95%ཡན་ཟིན་ཏེ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པའི་ངོ་སྤྲོད་བྱས་པ་རེད།
         མཚོ་བོད་ལྕགས་ལམ་ཀུང་སིས་ཡུན་རིང་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ལས་མངོན་པར། མེ་འཁོར་ཤར་གཏོང་ཐུབ་ནས་ལོ་11སོང་རིང་། མཚོ་བོད་ལྕགས་ལམ་གྱི་98.5%ཡི་འཁྱག་སའི་ལམ་རྨང་ལྟ་ཞིབ་ཚད་འཇལ་གྱི་བཅད་ཁའི་དབྱིབས་འགྱུར་བ་དེ“ལོའི་རྡིབ་ཚད་ལི་སྨི་5ཡང་མི་ཟིན་པའི”བླང་བྱ་དང་མཐུན་ནས་ཇུས་འགོད་བྱེད་ཆོག་པའི་ཚོད་འཛིན་ཁྱབ་ཁོངས་སུ་ཚུད་པ་དང་རྡིབ་ཚད་འགོར་དུ་ཕྲན་བུ་སོང་ཡོད་པ་རེད།
         མཚོ་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་1956ཟིན་པ་དེའི་ཁྲོད་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུའི་སྤྱིའི་རིང་ཚད་སྤྱི་ལེ་1142ཡིན་པའི་ནང་སྤྱི་ལེ་550ལོ་མང་བསྟུད་མར་འཁྱག་སའི་ཁུལ་དུ་གནས་ཡོད། 2006ལོའི་ཟླ་7པར་མེ་འཁོར་ཤར་གཏོང་ཐུབ་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་ནས་བཟུང་མཚོ་བོད་ལྕགས་ལམ་གྱིས་ལོ་མང་གི་འཁྱག་སའི་ཁུལ་དུ་ཆུ་ཚོད་རེར་སྤྱི་ལེ་100ཡི་མྱུར་ཚད་ཐོག་ནས་ལོ་11བདེ་འཇགས་ལྡན་པའི་ངང་འཁོར་རྒྱུག་བྱས་པ་རེད།
          འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་དང་སྦྲགས། མཚོ་བོད་ས་མཐོའི་དྲོད་ཚད་ཀྱང་མཐོ་རུ་སོང་བ་དང་ཆར་ཆུ་བབས་ཚད་མང་དུ་སོང་ནས་ལོ་མང་གི་འཁྱག་ས་བཞུ་འགོ་ཚུགས་མོད། འོན་ཀྱང་མིག་སྔ་སྤྱོད་པའི་ལམ་རྨང་གྲང་བཟོའི་བྱེད་ཐབས་རབ་དང་རིམ་པས་སྤྱིའི་ཆ་ནས་དྲོད་ཚད་མཐོ་རུ་ཕྱིན་པའི་དབང་གིས་ཤུགས་རྐྱེན་ཐེབས་རྒྱུ་བཀག་འགོག་ཐུབ་པ་དང་མཚོ་བོད་ས་མཐོའི་ལོ་མང་གི་འཁྱག་སའི་ལམ་རྨང་བརྟན་པོ་ཡིན་པ་འགན་ལེན་ཐུབ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།