འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐག་རིང་ལུང་ཁུག་གི་ཞིང་འབྲོག་པར་གློག་ཆད་པའི་སེམས་ཁྲལ་མེད་པར་
    གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལ་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ )གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་བསྐྲུན་པ་བརྒྱུད་རྒྱལ་ཁབ་ཀྱི་གློག་དྲ་བོད་ཀྱི་རྫོང་62ལ་ཁྱབ་ནས་གློག་ཆད་པའི་དཀའ་ངལ་བསལ་དེ་བོད་ཀྱི་མི་སེར་རྣམས་ཀྱི་འཚོ་བ“རྣམ་པར་བཀྲ་བ”ཞིག་བྱུང་ཡོད།
         “ཉིན་ལྟར་གློག་ཆད་ནས་ག་དུས་ཡོང་མིན་ཤེས་ཀྱི་མེད”ཅེས་སྤེན་རྡོར་གྱིས་དེ་ལྟར་བཤད་ཅིང་། ཁོང་གིས་ལོ་ཤས་རིང་རྟག་ཏུ་གློག་ཆད་འགྲོ་བ་མ་ཟད། གློག་སླེབས་ནས་ཆུ་ཚོད་གཅིག་གཉིས་རྗེས་ཡང་ཆད་འགྲོ་བ་དང་དགུན་ཁ་ནི་དེ་བས་སྨོས་ཅི་དགོས་ཞེས་བཤད།
         གློག་ཆད་པའི་སྐབས། སྤེན་རྡོར་གྱི་ནང་མི་བཞི་པོ་ཉི་ནུས་གློག་གཏོང་ལེབ་མོ་དང་གློག་གསོག་བྱེད་ལ་བརྟེན་དགོས་ཀྱི་ཡོད།
         དེའི་ཚེ་བརྙན་འཕྲིན་བལྟ་རྒྱུ་བྱུང་བ་ནི་ལོངས་སྤྱོད་ཆེན་པོ་ཞིག་ཏུ་གྱུར་ཡོད། སྤེན་རྡོར་གསར་འགྱུར་དང་། གློག་བརྙན། རྒྱུན་མཐུད་འཁྲབ་ཚན་སོགས་བལྟ་རྒྱུར་དགའ་པོ་ཡོད། འོན་ཀྱང“བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་བལྟས་ནས་དབྱིངས་ཞུགས་པའི་སྐབས་གློག་ཆད་འགྲོ་གི་འདུག”ཅེས་སྤེན་རྡོར་གྱིས་བཤད།
        སྟེང་ཆེན་རྫོང་གློག་གཏོང་ཅུས་གློག་གཏོང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ཀྱི་གློག་དྲའི་ནང་མ་བཅུག་གོང་། སྟེང་ཆེན་རྫོང་གི་གློག་ནི་རང་མཁོ་རང་འདོན་བྱ་རྒྱུ་རེད། ལོ་ཤས་རིང་རྫོང་གྲོང་འཕེལ་རྒྱས་སོང་བ་དང་བསྟུན་ནས་གློག་ཤུགས་ཀྱི་དགོས་མཁོ་ཆེ་རུ་སོང་སྟེ་རྫོང་ལ་ཡོད་པའི་གློག་ཁང་ཆུང་ཆུང་བཞིའི་གློག་གིས་རྫོང་ནང་གི་བརྒྱ་ཆ་དྲུག་ཅུ་ཙམ་གྱི་དགོས་མཁོ་མ་གཏོགས་བསྐོངས་ཐུབ་ཀྱི་མེད་ལ། དགུན་ཁར་ཆུ་ཤུགས་ཆུང་བས་གློག་ཆད་པའི་གནད་དོན་དེ་བས་ཚབས་ཆེ་རུ་འགྲོ་ཡི་ཡོད།
         ལོ་ཤས་རིང་། ཀྲུང་གོའི་རྒྱལ་ཁབ་གློག་དྲས་བོད་ཀྱི་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཞིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་འཛིན་དང་ཏང་ཙུའི་ཧྲུའུ་ཅི་ལིའུ་ཞའོ་མིང་གིས་ལོ་ལྔའི་རིང་། མཚོ་བོད་གློག་དྲ་སྦྲེལ་བའི་ལས་གྲྭའི་རྗེས་ཀུང་སིས་ཡང་ཁྲོན་བོད་གློག་དྲ་སྦྲེལ་བའི་ལས་གྲྭའི་འགོ་བརྩམས་པ་དང“གློག་ཤུགས་མཁའ་ལམ”གཉིས་ལ་བརྟེན་པས་བོད་ཀྱི་གློག་དྲ་དེ་རྒྱལ་ཡོངས་གློག་དྲ་དང་སྦྲེལ་ནས་གཏོང་ཐུབ་པ་དེས་བོད་ཀྱི་་གློག་མཁོ་འདོན་གྱི་གནས་སྟངས་ལ་རྩ་བའི་འགྱུར་ལྡོག་བྱུང་སྟེ་2015ལོར་བོད་ནས་ཕྱིར་གློག་ཐོག་མར་གཏོང་ཐུབ་པ་བྱུང་ཡོད།
         དོ་སྣང་བྱེད་དགོས་པ་ཞིག་ལ། 2016ལོ་ནས་2017ལོའི་བར་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ) གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་ཁྱོན་སྒོར་དུང་ཕྱུར་119བཏང་བ་དེ་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་གྲོང་གསེབ་གློག་དྲ་བསྐྲུན་པར་བཏང་བའི་མ་དངུལ་བསྡོམས་འབོར་ལས་བརྒལ་བ་དང་ལས་གྲྭ་དེ་བོད་ཀྱི་རྫོང་62ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་(ལྟེ་བའི་གྲོང་ཚོ)3000ཙམ་ལ་ཁྱབ་ཡོད།
         གྲོང་ཚོར་གློག་ཡོད་པས་སྤེན་རྡོར་གྱི་འཚོ་བའང་རིམ་བཞིན་ཡག་ཏུ་སོང་ཡོད།
         ཉེ་དུས་སྤེན་རྡོར་གྱིས་ཤུགས་ཚད་ཆེ་བའི་གོས་འཁྲུད་འཕྲུལ་འཁོར་ཞིག་ཉོ་རྩིས་བྱེད་ཀྱིན་ཡོད། ཁོང་གིས “དགུན་ཁར་ཚ་མོས་ཉིན་ལྟར་གྱོན་གོས་གཙང་མ་གྱོན་ནས་སློབ་གྲྭར་འགྲོ་ཆོག”ཅེས་ཤོད་ཀྱི་ཡོད། སྤེན་རྡོར་ཁྱིམ་གྱི་ཡོང་སྒོ་གཙོ་བོ་དབྱར་རྩྭ་དགུན་འབུ་འཐུ་བ་དང་ཕྱིར་གླ་པ་རྒྱུག་པར་འགྲོ་བ་ལས་བྱུང་ཞིང་། ད་ཆ་ཁོང་གིས་གློག་གི་ཆུ་འཁོར་ཞིག་ཉོས་ནས་རྩམ་འཐག་ཁང་ཞིག་བརྒྱབ་སྟེ་ཡོང་སྒོ་མང་ཙམ་རག་ཐབས་ལ་བསམ་བློ་གཏོང་གིན་ཡོད།
         གློག་བརྟན་པོ་བྱུང་བའི་རྗེས་རྫོང་གི་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཡག་ཏུ་སོང་བ་དེ་གའི་མིའི་མཐོང་ཆོས་སུ་གྱུར་ཡོད། རྒྱལ་ལམ་318རྒྱུད་དུ་གནས་པའི་སྟེང་ཆེན་རྫོང་གིས་ཡུལ་སྐོར་གྱི་ཡོང་འབབ་མང་པོ་ཞིག་རག་ཐབས་བྱེད་པ་དང་ཆབས་ཅིག་སྤེན་རྡོར་ལའང་ལས་ཞུགས་དང་ཡོང་སྒོ་མང་དུ་འགྲོ་བའི་གོ་སྐབས་ཐོབ་རྒྱུ་རེད།
         ད་ཆ་སྟེང་ཆེན་རྫོང་མཁར་གྱི་ཁྲོམ་གཞུང་དུ་ཚོང་ཁང་ནས་སྐམ་གློག་སྤར་བའི་སྒྲ་དང་ཁྲེ་ཡིའུ་སྣུམ་གྱི་དྲི་མ་མེད་པར་གྱུར་ནས་དེ་གའི་སྐྱེ་བོ་རྣམས་ཀྱིས་སྔོན་གྱི་གནས་ཚུལ་དྲན་པའི་སྐབས་གཞི་ནས་དྲན་གསོ་བའི་ཡུལ་ཙམ་དུ་གྱུར།
      

    ཕྱོགས་བསྡུས་གསར་འགྱུར།