འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་
    ནས་མི་3རྐྱེན་ལམ་དུ་ཤོར་བ་དང་མི་16ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་
ནས་མི་3རྐྱེན་ལམ་དུ་ཤོར་བ་དང་མི་16ལ་རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་གྱི་ཞོགས་པར་ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་ཧྥ་ལཱ་ཧྲེན་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་དང་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ཞིང་། དོན་རྐྱེན་ལས་ཉུང་མཐར་ཡང་མི་3རྐྱེན་ལམ་དུ་ཤོར་བ་དང་གཞན་མི་16ལ་རྨས་སྐྱོན་ཕོག་པ་རེད།
         ཉིའུ་གཡོད་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ཡུལ་དངོས་སུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་སྔ་དྲོའི་ཆུ་ཚོད་6ཡོལ་བ་ཙམ་ལ། སྤྱི་སྤྱོད་རླངས་འཁོར་ཞིག་དང་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཧྥ་ལཱ་ཧྲེན་གྱི་ལམ་བཞི་མདོ་ཁར་གདོང་ཐུག་བརྒྱབ་པ་དང་། དོན་རྐྱེན་ལས་ལམ་འགྲོ་བ་མི་གཅིག་དང་། སྤྱི་སྤྱོད་རླངས་འཁོར་དུ་སྡོད་མཁན་གཅིག ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བཅས་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་16ལ་རྨས་སྐྱོན་ཕོག་པ་རེད་ཅེས་བཤད་པ་རེད།
         ཉེན་རྟོག་ཕྱོགས་ཀྱིས་ཤི་རྨས་ཕོག་མཁན་གྱི་མིའི་ཐོབ་ཐང་བཤད་མེད་པ་མ་ཟད། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཞེས་བསྟན་པ་རེད། ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རྨས་སྐྱོན་ཕོག་པའི་མི་ཉེ་འགྲམ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ཅེས་བརྗོད་པ་རེད། གསར་འགོད་པས་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ཡུལ་བཀག་སྡོམ་བྱས་ཡོད་པ་མཐོང་བ་རེད།
        ཉིའུ་གཡོད་གྲོང་ཁྱེར་གྱི་འགོ་འཛིན་པིར·ཏེ་པུའུ་ལཱ་ཞི་ཨོ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་རྨས་སྐྱོན་ཕོག་མཁན་ཁ་ཤས་ཀྱི་རྨས་ཚབས་ཆེ་བ་བཤད་པ་དང་། ཁོང་གིས་མིག་སྔར་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མེད་པ་དང་། བརྟག་དཔྱད་བྱེད་ཚུལ་དུས་ཐོག་མར་གནས་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།