འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྣོད་བཅུད་ཤེས་དཔལ་སློབ་གསོ་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ཁྱབ་
    ཁོངས་སུ་འཇུག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཉེ་དུས་བརྡ་ཐོ་བཀྲམ་སྟེ་སྣོད་བཅུད་ཤེས་དཔལ་སློབ་གསོ་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ཁྱབ་ཁོངས་སུ་བཅུག་ནས་ཞིང་འབྲོག་པ་དེ་བས་མང་བས་ཡང་དག་ལ་ཚན་རིག་དང་མཐུན་པའི་སྣོད་བཅུད་ལྟ་བ་བཅངས་ཏེ་རང་འགུལ་དང་གོ་རིམ་ལྡན་པའི་ངང་ས་གནས་དེ་གའི་སྣོད་བཅུད་སྲུང་སྐྱོང་ལ་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་རེད།
         མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ལ་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། ཁོངས་གཏོགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་མང་ཆེ་བ་ཞིང་ཆེན་དེའི་ཞིང་འབྲོག་ཁུལ་དུ་གནས་ཡོད། ཉེ་བའི་ལོ་ཤས་རིང་ལམ་ལུགས་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པར་སྐུལ་འདེད་གཏོང་བ་དང་བསྟུན་ནས་མཚོ་སྔོན་དུ་སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་སྣོད་བཅུད་སྲུང་སྐྱོང་གི་རྣམ་པ་རགས་ཙམ་ཆགས་ཡོད།
        ན་ནིང་ནས་ད་བར་མཚོ་སྔོན་གྱི་འབྲོག་པ་9975ཡིས་གསོ་སྦྱོང་རབ་དང་རིམ་པ་དང་ལེན་བྱས་ཏེ་ཁོང་ཚོ་སྲིད་གཞུང་གིས་གདན་འདྲེན་ཞུས་པའི་སྣོད་བཅུད་དོ་དམ་པར་གྱུར་ཡོད། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་ལས་རིགས་ནུས་པ་འཛུགས་སྐྱོང་ཁྲུའི་ཁྲུའུ་ཀྲང་ཧྥན་ལི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་ཞིང་ཆེན་དེས་སྣོད་བཅུད་ཤེས་དཔལ་སློབ་གསོ་ལག་བསྟར་ཁྱབ་ཁོངས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་བར་རྒྱ་ཆེར་བཏང་ནས་མང་ཚོགས་དེ་བས་མང་བ་གོ་རིམ་ལྡན་པའི་ངང་ས་གནས་དེ་གའི་སྣོད་བཅུད་སྲུང་སྐྱོང་ལ་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ལག་བསྟར་བྱེད་པའི་སྣོད་བཅུད་ཤེས་དཔལ་སློབ་གསོའི་གསོ་སྦྱོང་ལ་གཙོ་བོ་《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག སྣོད་བཅུད་ཁོར་ཡུག་ཞིང་ཆེན་གྱི་གནས་ཚུལ། སྔོ་ལྗང་རིན་ཐང་ལྟ་བ་སོགས་ནང་དོན་ཚུད་པ་རྣམས་སྐད་གཉིས་སློབ་ཁྲིད་དང་གྱོད་གཞི་སློབ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་ལོ་འདིའི་ནང་ཞིང་ཆེན་དེའི་ཞིང་འབྲོག་ཁུལ་གྱི་ས་གནས་ཁག་ཏུ་འཛིན་གྲྭ་བཙུགས་ཏེ་སླད་ཕྱིན་ལོ་ལྟར་མི་ཐེངས་ཁྲི་5ལ་གསོ་སྦྱོང་བྱ་རྒྱུ་རེད།
         ཧྥན་ལི་ཡིས“ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་སྣོད་བཅུད་སློབ་གསོ་ལག་བསྟར་བྱས་ཏེ་མང་ཚོགས་ཁྲོད་ཚན་རིག་དང་མཐུན་ལ་ཡང་དག་པའི་སྣོད་བཅུད་ལྟ་བ་ཆགས་པར་བྱ་རྒྱུ་མ་ཟད། ཁོང་ཚོར་ཉེ་འགྲམ་གྱི་སྣོད་བཅུད་ཁྲིམས་འགལ་བྱེད་སྤྱོད་དབྱེ་བ་གསལ་པོ་འབྱེད་རོགས་བྱེད་པ་དེ་སྲིད་གཞུང་གི་སྣོད་བཅུད་ལྟ་སྐུལ་གྱི་ཁ་གསབ་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མི་རིང་བར་ས་རྒྱ་ཆེ་ལ་མི་ཉུང་བའི་མཚོ་སྔོན་དུ་འབྲོག་པ་ཚོས་སྣོད་བཅུད་སྲུང་སྐྱོང་མ་ལག་སྐྲུན་པར་ནུས་པ་འདོན་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།