འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཝུའུ་ཧྥུང་གྲོང་རྡལ་ལྟེ་བའི་སློབ་ཆུང་ཤོན་མཱ་ཝོ་སློབ་ཁྲིད་ས་ཚིགས་སུ་སློབ་ཕྲུག་4ལས་མེད་མོད། སྐད་ཡིག་དང་། རྩིས་རིག རོལ་དབྱངས། ལུས་རྩལ། རི་མོ་སོགས་ཀྱི་སློབ་ཚན་དང་གློག་ཀླད་སོགས་བརྒྱུད་ལམ་སྣེ་མང་སྒྲིག་བཀོད་ཆ་ཚང་པོ་ཡོད་ལ། ལོ་56ལ་སླེབས་པའི་ཤུས་ཐེན་མིང་གིས་བརྒྱུད་ལམ་སྣེ་མང་སྒྲིག་བཀོད་ནས་སློབ་ཁྲིད་བྱེད་ཤེས་ཀྱི་ཡོད།
         “རྫོང་གིས་ང་ཚོ་སློབ་གྲྭར་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྒྲིག་བཀོད་སྔ་ས་ནས་བསྒར་བས། 2014ལོ་ནས་བཟུང་ངས་PPTསྤྱད་དེ་སློབ་ཁྲིད་བྱས་སྟབས་སློབ་ཕྲུག་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཤུགས་ཆེན་འཕེལ་སོང་། ད་ཆ་ངས་སློབ་ཕྲུག་ཚོ་ཁྲིད་དེ་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་གཅིག་གྱུར་རྒྱུགས་གཞིར་ཞུགས་པར་རྒྱུགས་འབྲས་མདུན་གྲལ་དུ་སླེབས་འདུག”ཤོན་མཱ་ཝོ་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་འབའ་ཞིག་སྟེ་ཤུས་ཐེན་མིང་གིས་དེ་གར་སློབ་ཁྲིད་བྱས་ནས་ལོ་32ཕྱིན་ཞིང་། སློབ་ཕྲུག་ཚོའི་རྒྱུགས་འབྲས་ཡག་པོ་ཡོད་པས་ཁོང་ཧ་ཅང་དགའ་པོ་བྱུང་ནས་ངའི་སློབ་ཕྲུག་20སློབ་ཆེན་ལ་རྒྱུགས་འཕྲོད་ཡོད་ཅེས་ཐེངས་མང་བཤད་བྱུང་།
         དགོན་ལུང་རྫོང་གྲོང་དང་བར་ཐག་སྤྱི་ལེ་20ཙམ་ཡོད་པའི་ཤོན་མཱ་ཝོ་སློབ་ཁྲིད་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ཞིང་ལས་ས་ཁུལ་དུ་གནས་ལ་ས་བབ་མཐོ་ཚད་སྨི་2600ཙམ་ཡོད། ལོ་ཤས་གོང་སློབ་གྲྭའི་སློབ་ཁང་ཚང་མ་ས་ཁང་ཡིན་མོད། རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭ་སྒྱུར་བཀོད་འཆར་གཞི་ལག་ལེན་བསྟར་བ་དང་བསྟུན་ནས་སློབ་གྲྭའི་སློབ་ཁང་ཚང་མ་ཡང་བསྐྱར་བརྒྱབ་པ་མ་ཟད་ད་དུང་ར་སྐོར་དང་གསང་སྤྱོད་ཀྱང་བརྒྱབ་པ་རེད།
         “ཉེ་བའི་ལོ་ཤས་རིང་། རྫོང་གིས་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་མ་ཟད་དགེ་རྒན་ཚོའི་སློབ་ཁྲིད་རྩལ་ནུས་གསོ་སྦྱོང་དང་ཐོབ་ཆ་མཐོ་རུ་བཏང་བས། ལོ་འདི་དག་རིང་སློབ་ཁྲིད་ས་ཚིགས་འདིའི་དགེ་རྒན་ཚོས་གྲོང་ཚོ་འདི་གར་བསྡད་དེ་སློབ་ཁྲིད་བྱེད་འདོད་ཡོད་པ་དང་ཤང་དང་གྲོང་རྡལ་གྱི་དགེ་རྒན་ཚོ་ཡང་རྫོང་དུ་ལས་སྒྱུར་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག”ཅེས་དགོན་ལུང་རྫོང་ཝུའུ་ཧྥུང་གྲོང་རྡལ་ལྟེ་བའི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཝང་ཤིན་གྱིས་བརྗོད་བྱུང་།
         ཝུའུ་ཧྥུང་གྲོང་རྡལ་ལྟེ་བའི་སློབ་གྲྭར་སྐྱོད་སྐབས་གསར་འགོད་པས་སློབ་གྲྭའི་ལུས་རྩལ་ར་བ་ཡག་པོ་ཡོད་པ་དང་རི་མོ་ཁང་དང་། རོལ་དབྱངས་ཁང་། གློག་ཀླད་ཁང་། དཔེ་མཛོད་ཁང་སོགས་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་མཐོང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོར་སློབ་གྲྭས་དེ་སྔའི་རྨང་གཞིའི་ཐོག་ནུས་མང་སློབ་ཁང་12གསར་དུ་སྒྱུར་བཀོད་བྱས་པའི་ནང་དུ་ཆེད་ལས་དགེ་རྒན་གྱིས་གཟའ་འཁོར་རེར་འཛིན་གྲྭ་རེར་སློབ་ཚན་གཉིས་ནས་གསུམ་འཁྲིད་ཀྱི་ཡོད་པར་དགེ་སློབ་དང་ཁྱིམ་བདག་ཚོས་དགའ་པོ་བྱེད་ཀྱི་ཡོད།
         ཝུའུ་ཧྥུང་གྲོང་རྡལ་ལྟེ་བའི་སློབ་གྲྭ་གཅིག་པུ་མ་ཡིན་ཞིང་། དགོན་ལུང་རྫོང་སློབ་གསོ་ཅུས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧྲེང་ཅིས་ཉེ་བའི་ལོ་ཤས་རིང་དགེ་རྒན་མང་ཆེ་བ་རྫོང་དུ་ལས་སྒྱུར་བྱེད་པའི་རྣམ་པ་མངོན་གསལ་དོད་པོས་ཞི་ལྷོད་དུ་སོང་ཡོད་ཅེས་བཤད།
        དགེ་རྒན་ལས་སྒྱུར་བྱེད་པ་དང་མི་འདྲ་བར། མདོ་ལ་རྫོང་མི་རིགས་སློབ་འབྲིང་སློབ་འགོ་ཚུགས་ནས་ཟླ་བ་གཉིས་རིང་སློབ་མ་60ལྷག་ཙམ་རང་འགུལ་ངང་སློབ་གྲྭ་དེར་བསྒྱུར་ཡོད། “མི་རིགས་སློབ་འབྲིང་གི་སློབ་ཁྲིད་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བས་སློབ་གྲྭར་སློབ་ཁྲིད་སྤུས་ཚད་སྟོན་ཕྱོགས་སུ་བྱས་ཏེ་དགེ་རྒན་གྱི་ལས་སྒོའི་འཇོན་ཐང་ཆེ་རུ་ཤུགས་ཆེན་བཏང་ཡོད། དཔེར་ན་འཛིན་གྲྭའི་ཀྲུའུ་རེན་གྱི་ཆེད་དོན་གསོ་སྦྱོང་ལ་མཐོང་ཆེན་དང་དགེ་རྒན་གྱི་ལས་སྒོར་གཞི་ཚུགས་རྒྱུར་སྐུལ་ལྕག་བྱེད་པ་སོགས་དགེ་རྒན་གྱི་སློབ་ཁྲིད་ཧུར་བརྩོན་རང་བཞིན་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་པར་དགེ་སློབ་ཚོའི་བསམ་པའི་ཉམས་འགྱུར་ཡག་པོ་ཆགས་ཡོད”ཅེས་མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཅང་ཐའོ་ཡིས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། མདོ་ལ་རྫོང་མི་རིགས་སློབ་འབྲིང་དུ་སློབ་ཁྲིད་ཐོག་ཁང་1དང་། ནུས་མང་སློབ་ཁང་28 དགེ་རྒན་གཞུང་ལས་ཁང་14 ཟ་ཁང་2སོགས་ཡོད། མིག་སྔར་མི་རིགས་སློབ་འབྲིང་ལ་སློབ་མ་1700ལྷག་ཙམ་ཡོད་པ་ལས། གྲངས་ཉུང་མི་རིགས་ཀྱི་སློབ་མས་88%བཟུང་ཡོད། མདོ་ལ་རྫོང་མཚོ་སྔོན་འབྲོག་ཁུལ་དུ་ཆགས་པས་ཡུལ་དེའི་སློབ་མ་ཁག་གཅིག་ཡུལ་གཞན་དུ་སློབ་གྲྭར་སྐྱོད་པ་དང་འབྲིང་རྒྱུགས་གཏོང་ལ་ཉེ་བའི་སྐབས་མི་རིགས་སློབ་འབྲིང་དུ་ཕྱིར་ལོག་བྱེད་ཀྱི་ཡོད།
         “ད་ཆ་མི་རིགས་སློབ་འབྲིང་གི་སློབ་གསོར་ཚང་མའི་ཁས་ལེན་ཐོབ་པས་སློབ་གྲྭ་སྒྱུར་མཁན་ཇེ་མང་དུ་འགྲོ་གི་ཡོད”ཅེས་ཅང་ཐའོ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།