འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་
    ལས་གཞི་89ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། བོད་རང་སྐྱོང་ལྗོངས་སུ་ད་ཡོད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་ལས་གཞི་89ཡོད་པ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་68ཡོད་པ་རེད། དེའི་ནང་། ལོ་ལྔ་ཡི་རིང་ལ་གསར་དུ་བསྣན་པའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་13དང་། གསར་དུ་བསྣན་པའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི་15ཡོད་པ། མངོན་མིན་རིག་གནས་སྲུང་སྐྱོབ་གི་མིང་གཞུང་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགོ་འཛིན་གཞོན་པ་ཀྲོའུ་ཧུང་དབྱང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ལྔ་ཡི་རིང་ལ། བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ས་ཁུལ་གཙོ་བོའི་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་འབེན་ལ་གཞིགས་ནས"སྲུང་སྐྱོབ་དང་པོ་དང་། མྱུར་སྐྱོབ་དང་པོ། ལུགས་མཐུན་བཀོལ་སྤྱོད། རྒྱུན་འཛིན་འཕེལ་རྒྱས"བཅས་ཀྱི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མིང་གཞུང་འཛུགས་སྐྱོང་། ཉམས་མེད་རྒྱུན་འཛིན། བཀོལ་སྤྱོད་ལུགས་མཐུན། དོ་དམ་ཤུགས་སྣོན་བཅས་ཀྱི་ཕྱོགས་ནས་ནུས་ཤུགས་བཏོན་ནས། ནུས་ཤུགས་ཡོད་རྒུས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་པ་རེད།
            བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ལྗོངས་སུ་ད་ཡོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་323ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་350ཡོད་པ། གྲོང་ཁྱེར་(ས་ཁུལ)རིམ་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་289ཡོད་པ། རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་1153ཡོད་པ། གྲོང་ཁྱེར་དང་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་467ཡོད་པ་རེད།
           "ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.33བཏང་ནས་རྒྱལ་ཁབ་རིམ་པའི་ལས་གཞི་སྲུང་སྐྱོབ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཟིན་བྲིས་བཀོད་པ་མ་ཟད། འབྲེལ་ཡོད་ཁྲིད་སྦྱོང་ཁྱབ་སྤེལ་གྱི་བྱེད་སྒོའི་འགྲོ་གྲོན་འགན་སྲུང་བྱས་པ་རེད།" ཀྲོའུ་ཧུང་དབྱང་གིས་བརྗོད་དོན། བོད་ལྗོངས་ཀྱིས་ད་དུང་ཆེད་སྤྱོད་མ་དངུལ་དོ་དམ་གྱི་སྐབས་འཕྲལ་བྱ་ཐབས་བཏོན་ནས་འགྲོ་གྲོན་དོ་དམ་བཀོལ་སྤྱོད་ཀྱི་ཚད་ལྡན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་བ་རེད།
           ཉེ་བའི་ལོ་ཤས་རིང་། རིམ་ཁག་ནོར་སྲིད་ཀྱིས་བོད་ཀྱི་ལྷ་མོ་དང་གེ་སར་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞིར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་1500ལས་བརྒལ་བ་བཏང་སྟེ་དམངས་ཁྲོད་ཀྱི་ལས་ཞོར་ལྷ་མོ་ཚོགས་པ་དང་གེ་སར་སྒྱུ་རྩལ་པར་གཙོ་གནད་དུ་སྲུང་སྐྱོང་དང་རྒྱབ་སྐྱོར་བྱས་པ་རེད། ད་ལྟ། རང་སྐྱོང་ལྗོངས་ཡོངས་སུ་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་དེ་སྔོན་གྱི་ཚོགས་པ་50ཙམ་ཡང་མེད་པ་ནས་འཕྲལ་མར་ཚོགས་པ་140ལྷག་ཙམ་དུ་འཕར་ཡོད་ལ། ལྷ་མོའི་སྒྱུ་རྩལ་པ་ཕལ་ཆེར་མི་གྲངས་3000ལྷག་ཙམ་དང་། གེ་སར་སྒྲུང་པའི་སྒྱུ་རྩལ་པ་ཕལ་ཆེར་མི་100ལྷག་ཙམ་ཡོད་པ་རེད།
           གཞན་ཡང་། ད་ཡོད་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གཉིས་(བོད་ཀྱི་ལྷ་མོ་དང་གེ་སར་)ཀྱི་རྨང་གཞིའི་ཐོག  བོད་སྨན་གྱི་ལས་གཞིའང་རྒྱལ་ནང་གི་གྲ་སྒྲིག་མིང་ཐོ་རུ་ཚུད་མེད་པའི་ཐོག་ནས་ཐད་ཀར་ཨང་གསུམ་པའི་སྔོན་དུ་བཞག་པ་མ་ཟད། ད་ལོའི་ཟླ་3པར། རང་རྒྱལ་གྱི་ལས་གཞི་གཅིག་པུ་བྱས་ནས་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དྲུང་ཆེ་ཁང་དུ་ཞུ་འབུལ་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།