འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་སི་ཁོ་གྲོང་ཁྱེར་དུ་རུ་མི་ཁྲི་2ལ"གཏོར་མདེལ"གྱི་འཇིགས་སྐུལ་ཐེབས་པས་ཁ་གྲམ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། ཨུ་རུ་སུའི་མོ་སི་ཁོ་གྲོང་ཁྱེར་བདེ་སྲུང་སྡེ་ཁག་ལ་མི་མང་ཚོགས་ས་མང་པོ་ཞིག་ལ་དམིགས་པའི་མིང་གསང་འབར་མདེལ་འཇིགས་སྐུལ་ཉེན་བརྡའི་ཁ་པར་འབྱོར་བས། བདེ་སྲུང་སྡེ་ཁག་གིས་བྲེལ་མྱུར་ངང་གྲོང་མི་ཁྲི་2ལས་བརྒལ་བ་ཁ་གྲམ་པ་རེད། ཡིན་ནའང་། རྩད་ཞིབ་བྱས་པར་བརྒྱུད། ཉེན་བརྡའི་ཁ་པར་དེ་ནི་ཐལ་དྲགས་པའི་ཀུ་རེ་ཞིག་ཡིན་པ་ར་སྤྲོད་བྱས་པ་རེད།
         ཐཱ་སི་གསར་འགྱུར་ཁང་གིས་ཨུ་རུ་སུའི་བདེ་སྲུང་སྡེ་ཁག་གི་གནས་འཕྲིན་སྤེལ་བ་དྲངས་ནས་བཤད་པར། མོ་སི་ཁོ་གྲོང་ཁྱེར་བདེ་སྲུང་སྡེ་ཁག་གིས་ཉིན་དེར་མིང་གསང་ཁ་པར་20ལས་བརྒལ་བ་འབྱོར་ནས་མོ་སི་ཁོ་གྲོང་ཁྱེར་ནང་གི་མེ་འཁོར་འབབ་ཚུགས་དང་། ཟོག་ཉོ་ལྟེ་གནས། སློབ་གྲྭ གློག་བརྙན་ཁང་སོགས་མི་མང་འདུས་སར་འབར་མདེལ་སྦས་ཉེན་ཆེ་ཞེས་བཤད་པ་རེད། བདེ་སྲུང་མི་སྣས་འཕྲལ་མ་ཉིད་དུ་བྱ་སྤྱོད་སྤེལ་ནས་གྲོང་མི་ཁྲི་2ལས་བརྒལ་བ་ཁ་གྲམ་པ་རེད། ཡིན་ནའང་རྗེས་སུ་རྩད་ཞིབ་བྱས་པ་བརྒྱུད་ཁ་པར་བཏང་བའི་ནང་དོན་ནི་དོན་དངོས་མིན་པ་རེད།
         ཉིན་ཤས་བསྟུན་མར་ཨུ་རུ་སུའི་གྲོང་ཁྱེར་ཆེན་པོ་མང་པོ་ཞིག་ལ་འབར་མདེལ་གྱི་འཇིགས་སྣང་སྐུལ་བའི་མིང་གསང་ཁ་པར་མང་པོ་འབྱོར་ཡོད་པ་དང་། མི་འབོར་ཆེན་ཁ་གྲམ་མོད། འོན་ཀྱང་ཁ་པར་དེ་དག་ནས་བཤད་པའི་ནང་དོན་རྗེས་སུ་ཆ་འཕྲིན་རྫུན་མ་ཡིན་པ་ར་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།