འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་
    ལ་བོད་བརྟན་ལྷིང་ཡོང་བ་བྱས་ཏེ་བོད་ལྗོངས་ས་མཐོ་བདེ་སྐྱིད་ཁམས་བཟང་ཡོང་བ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་འཛིན་ས་དང་དོན་ལ་བབས་སར་བརྩི་བ་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ལ་བརྩིས་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།
         ཡུན་རིང་བདེ་འཁོད་བྱུང་ཚེ་འཚོ་བ་གསར་པ་ཡོང་ཐུབ།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་པའི”འཐབ་ཇུས་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་གཞིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་ན་ནིང་ལོ་མཇུག་ནས་བཟུང་ས་བབ་སྨི་4500ཡན་གྱི་ས་ཁུལ་དང་། སྣོད་བཅུད་ནུས་པའི་ཁུལ། ས་བབ་མཐོ་ཁུལ་བཅས་སུ་འཚོ་སྡོད་བྱེད་མཁན་གྱི་གྲུམ་བུའི་ནད་ཕོག་པའི་ཁྱིམ་ཚང་ཡུལ་གཞན་དུ་གནས་སྤོས་བྱས་ཡོད། འདི་ལོ་ཁག་དང་པོའི་གནས་སྤོས་བྱེད་མཁན་མངའ་རིས་དང་། ནག་ཆུ། གཞིས་རྩེ། ལྷོ་ཁ། ཆབ་མདོ་བཅས་ས་ཁུལ་དང་གྲོང་ཁྱེར་ལྔ་ཡི་གྲོང་མི་དུད་ཚང་1200ལྷག་ཙམ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས“གནས་སྤོ་བྱེད་རིགས་དེ་དག་ནི་སྣོད་བཅུད་གནས་སྤོས་ཡུལ་མི་ཁོ་ན་ཙམ་མ་ཟད་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་དང་འགན་ལེན། གནད་སྨིན་དབུལ་སྐྱོར་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་ལ་བསམ་བློ་གང་ལེགས་བཏང་སྟེ་མང་ཚོགས་དེ་དག་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ཡོད”ཅེས་བཤད།
         དམངས་ཕྱུག་བོད་དར་གྱིས་ཐོབ་སེམས་ཆེ་རུ་བཏང་བ།
         “དམངས་ཕྱུག་བོད་དར་གྱིས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་བོད་དར་གྱི་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད”བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱས་ནས་དམངས་འཚོ་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ནོར་ཤུགས་70%ཡན་དམངས་འཚོར་བཏང་བ་དང་། དམངས་འཚོ་ལེགས་གཏོང་གི་བསམ་ཕྱོགས་གསར་པ་རབ་དང་རིམ་པ་བཏོན་པ། མི་སེམས་གཅིག་ཏུ་སྒྲིལ་བའི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་པ་བཅས་བྱས་པས། བོད་ལྗོངས་ས་མཐོའི་མང་ཚོགས་ཚོའི་ཐོབ་སེམས་ཟམ་མི་ཆད་པར་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད་པ་རེད།
         ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་འདབས་ཀྱི་ལེགས་ཆར་བརྟེན་ནས་གྲོང་ཚོས་ཞིང་ཞོར་ཐོན་ལས་དང་། མེ་ཏོག་ཉོ་ཚོང་། ཟོག་འགྲུལ་སྐྱེལ་འདྲེན་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ན་ནིང་གྲོང་ཚོ་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་སྒོར་ཁྲི་4000ལྷག་ཙམ་ཟིན་ནས་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.66ལྷག་ཙམ་ཟིན་ཏེ་གྲོང་ཚོ་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད་པ་རེད།
         ཏང་གི་བཀའ་དྲིན་མ་བརྗེད་པར་བདེ་སྐྱིད་ལམ་བུའི་ཐོག་མཉམ་དུ་སྐྱོད་པ།
         མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འདི་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་300བཏང་ནས་སྡོད་རྒྱུར་འཚམ་པ་དང་། བྱ་གཞག་གཉེར་རྒྱུར་འཚམ་པ། ཡུལ་སྐོར་བྱ་རྒྱུར་འཚམ་པ་བཅས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་ཏེ་མཐའ་མཚམས་ས་ཁུལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་མང་ཚོགས་ཚོར་ལྗོངས་ཡོངས་ཀྱི་མི་དམངས་དང་མཉམ་དུ་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།