འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལམ་ལུགས་ཁག་བརྒྱད་གསར་གཏོད་བྱས་པ་ལས་ལུས་
    རྩལ་བྱ་གཞག་གི་སྒྱུར་བཅོས་ལ་སྣེ་ཁྲིད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན་འཚོགས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡིང་ཁྲོན་གྱིས་ལུས་རྩལ་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྣེ་འཁྲིད་དང་དཔེ་སྟོན་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱེད་ཆེད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་ལམ་སྲོལ་དང་ལམ་ལུགས་གསར་གཏོད་བྱ་རྒྱུ་ཚད་བརྒལ་དུ་བྱས་ཏེ་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་ནུས་ལུས་རྩལ། དབྱར་དགུན་གྱི་རྣམ་གྲངས། ཨོ་རྩལ་འགྲན་ཚོགས་རྣམ་གྲངས་དང་ཨོ་རྩལ་འགྲན་ཚོགས་མ་ཡིན་པའི་རྣམ་གྲངས་འབྲེལ་འདྲིས་གཏིང་ཟབ་ཡོང་བར་སྐུལ་འདེད་དང་མཐུན་སྦྱོར་འཕེལ་རྒྱས་བཅས་ཐད་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ཁག་བརྒྱད་སྒྱུར་བཅོས་གསར་གཏོད་བྱས་ཡོད་ཅེས་བཤད་པ་རེད།
         ཁོང་གིས་གཅིག་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཏེ་ཕིང་ཕང་སྤོ་ལོ་དང་འབྲུག་དབྱིབས་གྲུ་གཟིངས་སོགས་རྣམ་གྲངས་ཆེ་གྲས་19ཡི་རྣམ་གྲངས་ཆུང་གྲས་126གི་མང་ཚོགས་རྣམ་གྲངས་འགྲན་བསྡུར་མང་དུ་བཏང་བས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཉིད་མང་ཚོགས་དང་དེ་བས་འབྲེལ་འདྲིས་ཐུབ་པ་བྱུང་བ་དང་། གཉིས་ནས་ཆེད་ལས་དང་ལས་ཞོར་དང་རྒྱལ་སྤྱི་རྒྱལ་ནང་གི་དབྱེ་མཚམས་མེད་པ་བཟོས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་རྩལ་ནུས་ལུས་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པའི་སྟེགས་བུ་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་པ། གསུམ་ནས་སྦྱོང་བརྡར་དང་རྒྱུ་ཆ་འདེམས་པའི་བསམ་ཕྱོགས་རྒྱ་ཆེར་བཏང་སྟེ་ས་ཁོངས་སྒྲོལ་བ་དང་རྣམ་གྲངས་སྒྲོལ་ནས་རྒྱུ་ཆ་འདེམས་རྒྱུ་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རེད། སྔ་རྗེས་སུ་འཁོར་ཤུད་འཁྱགས་འདྲེད་སྤོ་ལོའི་རྣམ་གྲངས་ཀྱི་འགྲན་བསྡུར་མང་དུ་བཏང་ནས་མཆོང་རྒྱུག་འཕེན་གསུམ་དང་ཆུ་རྐྱལ་གྱི་རྣམ་གྲངས་ཁག་གཉིས་ཐད་གཞོན་ནུ་ལོ་ཆུང་ཚོགས་པའི་འགྲན་བསྡུར་མང་དུ་བཏང་བ་དང་ཆབས་ཅིག་རྒྱུག་མཆོང་རྐང་འཁོར་བཞོན་པ་སོགས་ནུས་པ་ཀུན་ཚང་གི་རྣམ་གྲངས་ཆུང་གྲས་ཀྱི་འགྲན་བསྡུར་ཁག་10མང་དུ་བཏང་བ། བཞི་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་འདེགས་ཤིང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེས་པའི་རྐང་རྩེད་སྤོ་ལོའི་གྲོང་ཁྱེར་ཚོགས་ཆུང་གི་འགྲན་བསྡུར་མང་དུ་བཏང་ནས་གྲོང་ཁྱེར་ལ་མིང་ཐོ་བཀོད་དེ་འགྲན་བསྡུར་ལ་ཞུགས་རྒྱུའི་ལྕག་སྐུལ་བྱས་ཐོག་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འཕེལ་བ་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོའི་རྐང་རྩེད་སྤོ་ལོའི་ཆུ་ཚད་མཐོ་རུ་བཏང་བ། ལྔ་ནས་ས་ཁུལ་གྱི་མཁར་རྫོང་དང་ར་བ་ལྟ་བུའི་ཚོད་འཛིན་མེད་པ་བཟོས་ནས་ཆུ་རྐྱལ་དང་མཆོང་རྒྱུག་འཕེན་གསུམ་སོགས་རྣམ་གྲངས་ཆེ་གྲས་10ཡི་རྣམ་གྲངས་ཆུང་གྲས་49(མི་4འམ་ཡང་ན་མི་4མན་ཆད་ཀྱི་རྣམ་གྲངས)ཡི་ཐོག་ཚན་པ་སྒྲོལ་ནས་ཚོགས་ཆུང་བཙུགས་ཏེ་འགྲན་བསྡུར་ལ་ཞུགས་པའི་སྲིད་ཇུས་ལག་བསྟར་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་འཐབ་རྩལ་གཞོགས་འདེགས་རིགས་ཀྱི་རྣམ་གྲངས་ཐད་ཚོགས་པ་དང་རུ་ཁག་བཙུགས་ཏེ་འགྲན་བསྡུར་ལ་ཞུགས་རྒྱུར་སྐུལ་མ་བཏང་ནས་རྒྱལ་ཁབ་རུ་ཁག་གི་ལུས་རྩལ་པས་ནང་སྦྱོང་ཆ་ལག་ཆ་ཚང་ཐུབ་རྒྱུ་འགན་ལེན་དང་གྲ་སྒྲིག་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ནུས་ལྡན་ཕྱིན་པ། དྲུག་ནས་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ནས་ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་5ཡིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་བསྡུས་ཏེ་མི་རིགས་མཐུན་སྒྲིལ་ཟབ་ཏུ་དང་གྲངས་ཉུང་མི་རིགས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་མ་གཏོང་བའི་ཐད་ལུས་རྩལ་གྱི་དམིགས་བསལ་ནུས་པ་སྔར་བས་ཐོན་པ་བྱས་པ། བདུན་ནས་བྱེད་ཐབས་སྔར་བས་སྤྱད་དེ་དམག་དམངས་མཉམ་འདྲེས་ཀྱིས་འཐབ་ཇུས་འཕེལ་རྒྱས་གཏིང་ཟབ་བཏང་སྟེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དམག་དཔུང་དང་ས་གནས་ཀྱིས་ཐུན་མོང་ཐོག་ལུས་རྩལ་པ་གསོ་སྐྱོང་བྱས་ནས་འགྲན་བསྡུར་ལ་ཞུགས་ཐབས་བཟོས་པ་དང་། དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་ཕན་གསབ་ཀྱིས་དམག་དཔུང་དང་ས་གནས་དབར་རྩལ་ནུས་ལུས་རྩལ་བྱ་གཞག་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆགས་རྒྱུར་སྐུལ་མ་ནུས་ལྡན་བཏང་བ། བརྒྱད་ནས་རྩལ་འཁྲིད་པའི་ཡར་སྐུལ་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ལུས་རྩལ་པར(རུ་ཁག)གཟེངས་བསྟོད་རྟགས་མ་སྤྲོད་པ་དང་ཆབས་ཅིག་གཙོ་འགན་ཁུར་མཁན་རྩལ་འཁྲིད་པར་ཡང་གཟེངས་བསྟོད་རྟགས་མ་སྤྲད་དེ་རྩལ་འཁྲིད་པས་རྩལ་འགྲན་ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ལྕག་སྐུལ་བྱས་པ་བཅས་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།