འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཉི་ལུའོ་གཙང་པོའི་ཀྲུང་གོའི་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་དར་ཁྱབ་ཆེ་བ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཡང་དང་ཀྲེན་སི་ཡོན་གྱིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་ལྷོ་ངོས་སུ་གནས་པའི་ཕུའུ་སི་ཐ་ཐེ་རྫ་ཆས་སྒྱུ་རྩལ་ལྟེ་གནས་སུ་ཀྲུང་གོའི་སྲོལ་རྒྱུན་རྫ་ཆས་སྒྱུ་རྩལ་གྱི་སྤེལ་རེས་བྱེད་སྒོ་ཞིག་སྤེལ་ནས་རྫ་ཆས་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།
          “སྤེལ་རེས་བྱེད་སྒོ་དེ་འདྲ་ཞིག་སྤེལ་གྱི་ཡོད་པ་ཤེས་རྗེས་རང་ཉིད་ལ་དགའ་སྣང་ཆེན་པོ་ཞིག་སྐྱེས་བྱུང”ཞེས་ཀྲུང་གོའི་སྲོལ་རྒྱུན་རྫ་ཆས་སྐོར་གླེང་སྐབས་ལོ་དྲུག་ཅུ་ཙམ་ལ་སླེབས་པའི་རྫ་ཆས་སྒྱུ་རྩལ་ལ་དགའ་པོ་ཡོད་པའི་ཨའེ་པོ་ཐི་ས་མུའུ·ཀྲ་ཆིས་དགའ་པོ་མི་བྱེད་ག་ལ་སྲིད།
          ཀྲ་ཆི་ནི་སྔོན་ཆད་ཀྲུང་གོར་ལོ་མང་འཚོ་བ་སྐྱེལ་མྱོང་ཡོད་པས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དང་ལྷག་པར་དུ་རྫ་ཆས་དང་དཀར་ཆས་ལ་ཧ་ཅང་དགའ་པོ་ཡོད་པ་རེད། “གནའ་སྔ་མོ་དང་དེང་རབས་རྫ་ཆས་བརྩམས་ཆོས་ཀྱི་ཚོས་གཞི་ལྗང་དཀར་གཙོ་བོར་བྱས་པ་དེ་ནི་དབྱི་སི་ལམ་གྱི་རྫ་ཆས་དང་ཧ་ཅང་འདྲ་པོ་ཡོད་པ་དེ་ཐོག་ནས་ང་ཚོའི་རིག་གནས་གཉིས་ཀྱི་འདྲ་བའི་ཆ་མངོན་པ་དེ་ནི་རང་ཉིད་ཀྱིས་ཀྲུང་གོ་ནས་མཐོང་བྱུང་། དེ་རིང་རང་ཉིད་དེ་གར་ཡོང་དོན་ནི་རང་ངོ་མས་རྫ་ཆས་བཟོ་རྒྱུའི་ཆེད་དུ་ཡིན”
          ཉིན་དེའི་སློབ་ཚན་འཁྲིད་མཁན་ནི་ཀྲུང་གོའི་དམངས་ཁྲོད་རྫ་ཆས་སྒྱུ་རྩལ་མཁས་ཅན་ལོ་50ལྷག་ཙམ་ལ་སླེབས་པའི་ཧོ་ཧྥེའི་ལི་ཁྱིམ་རྒྱུད་ཀྱི་རྫ་བཟོ་རྒྱུན་འཛིན་པ་ལི་ཧུང་ལེང་ཡིན་པ་རེད། ཁོང་གིས“འདམ་བག་ལ་རྩེད་མོ་རྩེ་ནས”ལོ་20ལྷག་ཙམ་ཕྱིན་སོང་ཞེས་འཛུམ་མདངས་འཕྱུར་བཞིན་བཤད།
          ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་རིག་གནས་ཁྲུའུ་ཡི་གདན་ཞུས་ལྟར། ལི་ཧུང་ལེང་ཕུའུ་སི་ཐ་ཐེ་རྫ་ཆས་སྒྱུ་རྩལ་ལྟེ་གནས་སུ་བསྐྱོད་དེ་རྫ་ཆས་ལ་དགའ་པོ་ཡོད་པའི་ཨེ་ཅིབ་བ་ཚོར་ཀྲུང་གོའི་སྲོལ་རྒྱུན་རྫ་ཆས་སྒྱུ་རྩལ་ངོ་སྤྲོད་བྱས་པ་དང་འབྲེལ་སློབ་ཁྲིད་ཀྱང་བྱས་པ་རེད། དུས་ཡུན་གཟའ་འཁོར་གཉིས་རིང་གི་བྱེད་སྒོའི་ཁྲོད་ལི་ཧུང་ལེང་གིས་ཨེ་ཅིབ་ཀྱི་རྫ་ཆས་སྒྱུ་རྩལ་གྱི་ཉམས་འགྱུར་དང་ཁྱད་ཆོས་ཤེས་རྟོགས་ཐུབ་པ་རེད།
          “མ་གཞི་སྐད་བརྡ་འཕྲོད་ཀྱི་མེད། འོན་ཀྱང་སྒྱུ་རྩལ་གྱི་ནང་དོན་ཐད་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད། མིག་ལྟ་སྟངས་གཅིག་གམ་ཡང་ན་ལག་པ་སྒུལ་སྟངས་གཅིག་གི་ཐོག་ནས་ང་ཚོས་ཕར་ཕྱོགས་ཀྱི་ནང་དོན་རྟོགས་ཀྱི་འདུག”ཅེས་ལི་ཧུང་ལེང་གིས་སྤེལ་རེས་ནང་མཉམ་དུ་ཞུགས་པའི་ཨེ་ཅིབ་ཀྱི་རྫ་ཆས་སྒྱུ་རྩལ་པར་བསྔགས་བརྗོད་བྱས་པ་དང་། ཁོང་གིས“ཨེ་ཅིབ་ཀྱི་རྫ་ཆས་སྒྱུ་རྩལ་པར་ཉམས་འགྱུར་དང་ཁྱད་ཆོས་འདུག མི་ཚང་མར་སོ་སོའི་ཁྱད་ཆོས་རེ་འདུག་ལ་མི་འགའ་ཤས་ཀྱི་བརྩམས་ཆོས་རྒྱལ་སྤྱིའི་ཐོག་འགྲེམས་ཞུགས་བྱེད་ཆོག”ཅེས་བཤད།
          ཨེ་ཅིབ་ཀྱི་རྫ་ཆས་སྒྱུ་རྩལ་པ་ཨའེ་ཧ་མའེ་ཏེ·ཨའེ་ཏེ་ཡིས་ཨེ་ཀྲུང་གི་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དར་གོས་ལམ་བུས་ཀྲུང་གོ་དང་ཨེ་ཅིབ་ཚུད་པའི་ཨ་རབ་ཀྱི་ཡུལ་ཁམས་མཉམ་དུ་འདྲེས་ནས་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་བཞག་ཡོད། བྱེད་སྒོ་དེ་རིགས་སྔར་བས་མང་བ་གཉེར་ནས་ཕྱོགས་གཉིས་ཀྱི་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་བཤད།
         ལི་ཧུང་ལེང་གིས་ད་རེས་ཀྱི་སྤེལ་རེས་དེས་ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པའི་དབར་ཕན་ཚུན་སློབ་སྦྱོང་བྱེད་པ་དང་ཕར་ཕྱོགས་ཀྱི་དགེ་མཚན་ལེན་པའི་གོ་སྐབས་ལྡན་པས་ཕན་ཚུན་སྒྱུ་རྩལ་གྱི་བསམ་ཕྱོགས་སྔར་བས་ཡངས་སུ་ཕྱིན་ཡོད། ཁོང་གིས་ཨེ་ཅིབ་ཀྱི་རྫ་ཆས་སྒྱུ་རྩལ་མཁས་ཅན་དང་ཕན་ཚུན་མཉམ་འགུལ་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ལ། ཨེ་ཅིབ་ཀྱི་རྫ་ཆས་སྒྱུ་རྩལ་ལ་དགའ་པོ་ཡོད་མཁན་ཅིན་ཏེ་ལ་ལྟ་སྐོར་དང་མྱོང་ཚོར་བྱེད་པར་ཡོང་རྒྱུའི་རེ་བའང་ཡོད་ཅེས་བཤད།
         མཉམ་དུ་གདན་ཞུ་བྱས་པའི་ཧོ་ཧྥེའི་འཇིམ་བཟོ་དགེ་རྒན་ཆེ་མོ་བ་ཏུའུ་ཧྲའོ་ཡུན་གྱིས་སོ་སོའི་ལག་རྩལ་ཨེ་ཅིབ་ཀྱི་ཕྲུ་གུ་ཚོར་བརྒྱུད་ཁྲིད་བྱས་པ་རེད།
          ཏུའུ་ཧྲའོ་ཡུན་ནི་སྒྱུ་རྩལ་པའི་ཁྱིམ་རྒྱུད་ཞིག་ཏུ་སྐྱེས་པ་དང་། ད་བར་འཇིམ་བཟོའི་ལས་ལ་གཞོལ་ནས་ལོ་40ལྷག་ཙམ་ཕྱིན་ཡོད་པས། ཁོང་ལ“འཇིམ་བཟོ་བ་ཏུའུ་ལགས”ཞེས་འབོད་ཀྱི་ཡོད། ལོ་དེ་དག་རིང་། “འཇིམ་བཟོ་བ་ཏུའུ་ལགས”ནི་ཁེ་རོའི་ཐ་ལ་ཐེ·ཧར་པུ་རིག་གནས་ལྟེ་གནས་ཀྱི་ཕྲུ་གུ་ཚོས་དགའ་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
          “ཕྲུ་གུ་དེ་དག་གཅེས་པར་འོས་པ་ཞིག་འདུག་ལ་ངའི་བསམ་ཡུལ་ལས་དེ་བས་སྤྱང་གྲུང་དོད་པ་འདུག ཁོང་ཚོས་སོ་སོའི་ལག་པ་སྒུལ་ནས་སྲོག་ཆགས་དང་རབ་བཏགས་རི་མོའི་མི་སྣ་སྣ་ཚོགས་བཟོས་འདུག”ཅེས་དབུ་སྐྲ་དཀར་རྐྱང་ཡིན་པའི་ཏུའུ་ཧྲའོ་ཡུན་གྱིས་འཛུམ་མདངས་འཕྱུར་བཞིན་ཕྲུ་གུ་ཚོར་བལྟས་ནས་བཤད།“འདམ་བག་ལ་རྩེད་མོ་རྩེ་བའི་སྒྱུ་རྩལ་ལ་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་ཉིད་ཁོང་ཚོ་དང་མཉམ་དུ་སྡོད་འདོད་ཆེན་པོ་འདུག”ཅེས་བཤད།
          ཐ་ལ་ཐེ·ཧར་པུ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཁཱ་ལི་མ·ཨའེ་ཧ་མའེ་ཏེ་ཡིས“ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ཏུའུ་ཧྲའོ་ཡུན་འདི་གར་ཕྲུ་གུ་ཚོར་སྒྱུ་རྩལ་སློབ་ཁྲིད་གནང་བར་ཕེབས་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། གསོ་སྦྱོང་དེ་རིགས་ཀྱིས་ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་ལ་ཕན་པ་ཧ་ཅང་ཆེན་པོ་ཐོན་ངེས་རེད”ཅེས་བཤད།
          ད་རེས་ཀྱི་བྱེད་སྒོ་དེ་ནི་ཁེ་རོའི་ཀྲུང་གོའི་རིག་གནས་ལྟེ་གནས་བཙུགས་ཚུན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་ཐོག་མར་གཉེར་བའི་རྫ་ཆས་སྒྱུ་རྩལ་དང་འཇིམ་བཟོའི་གསོ་སྦྱོང་འཛིན་གྲྭ་ཞིག་རེད། དེ་ནི་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཁྲུའུ་དང་ཨན་ཧུའེ་ཞིང་ཆེན་རིག་གནས་ཐིང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།