འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐར་མ་མིག་དམར་གྱི་འདྲ་བཟོས་རྟེན་གཞི་ཐོག་མ་མཚོ་སྔོན་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཟླ་བ་གོ་ལ་དང་། མཁའ་དཔྱད་བརྟག་ཞིབ་ཚད་ལེན་སྤྱི་ཁྱབ་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། རང་རྒྱལ་གྱི་སྐར་མ་མིག་དམར་གྱི་འདྲ་བཟོས་རྟེན་གཞི་ཐོག་མ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཚྭ་འདམ་བྲག་དམར་ས་ཁུལ་དུ་བཙུགས་ཤིང་། གནས་དེར་ཡ་ཏན་ས་དབྱིབས་ཚོགས་ཡོད་ཅིང་། དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་དབྱིབས་དང་། རང་བྱུང་མཛེས་ལྗོངས། གནམ་གཤིས་ཆ་རྐྱེན་སོགས་ལས་རིགས་གཅིག་མཁས་ཅན་གྱི་མིག་ཟུང་ནང་གི“ཀྲུང་གོའི་སྐར་མ་མིག་དམར་འདྲ་ཤོས་ཀྱི་ས་ཆར”གྱུར་ཡོད།
          2016ལོའི་ཟླ་11པའི་ཟླ་མཇུག་ཏུ་མཚོ་ནུབ་ཀྲོའུ་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་གི་ཟླ་བ་གོ་ལ་དང་མཁའ་དཔྱད་བརྟག་ཞིབ་ཚད་ལེན་སྤྱི་ཁྱབ་པུའུ་གཉིས་པོས་《ཀྲུང་གོའི་སྐར་མ་མིག་དམར་འདྲ་བཟོས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་མཉམ་ལས་གྲོས་མཐུན་》ཐོག་མིང་རྟགས་བཀོད་པ་དང་འདི་ལོའི་ཟླ་7པའི་ཟླ་མཇུག་ཏུ་མཚོ་ནུབ་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་རྣམ་གྲངས་ཀྱི་སྤྱིའི་ཇུས་གཞིའི་གྲོས་བསྡུར་ཚོགས་འདུ་དང་གྲོས་མཐུན་ཐོག་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་ཡུལ་ཚ་འདམ་བྲག་དམར་ས་ཁུལ་དུ་ཡིན་པའི་གཏན་འཁེལ་བྱས་པ་རེད།
          ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་ཀྲེང་ཡུང་ཁྲུན་གྱིས་འདྲ་བཟོས་རྟེན་གཞི་དང་སྐར་མ་མིག་དམར་གྱི་ས་གཤིས་ས་དབྱིབས་ཆ་རྐྱེན་རྦད་དེ་གཅིག་མཚུངས་མིན་པས། འབྲེལ་ཡོད་ཞིབ་འཇུག་བརྒྱུད་སྐར་མ་མིག་དམར་གྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་དང་དུས་མཚུངས་སྐར་མ་མིག་དམར་དང་སའི་གོ་ལའི་དཔྱད་བསྡུར་ཚོད་ལྟའི་ཞིབ་འཇུག་བྱེད་ཐུབ་ཅེས་ནན་བཤད་བྱས་པ་རེད།
         རིགས་གཅིག་མཁས་ཅན་གྱིས་ཕྱི་རྒྱལ་ལ་སྐར་མ་མིག་དམར་གྱི་འདྲ་བཟོས་རྟེན་གཞི་བཙུགས་པའི་སྲོལ་ཡོད། སྐར་མ་མིག་དམར་གྱི་འདྲ་བཟོས་རྟེན་གཞིའི་རྣམ་གྲངས་དེ་ལས་རྒྱལ་ནང་གི་འཇིག་རྟེན་འཕུར་སྐྱོད་དང་། གནམ་དཔྱད། ས་ཁམས། ས་གཤིས། གནམ་གཤིས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་གཞི་གཅིག་ཅན་གྱི་ཚན་རིག་ལག་ལེན་སློབ་གསོ་རྟེན་གཞིའི་སྟོང་ཆ་བསྐངས་པ་རེད་ཅེས་ངོ་སྤྲོད་བྱས།
          ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་སྐར་མ་མིག་དམར་གྱི་འདྲ་བཟོས་རྟེན་གཞི་ཐོག་མ་དེས་ད་དུང་ཚན་རིག་ཁྱབ་སྤེལ་དང་། ཡུལ་སྐོར་ལྟ་སྐོར། སོས་དལ་མྱོང་རོལ། ཚན་རིག་ཞིབ་འཇུག་བཅས་གཞི་གཅིག་ཏུ་བསྡུ་ཐུབ། རྟེན་གཞིའི་རྣམ་གྲངས་ནང་གནམ་དཔྱད་དང་འཇིག་རྟེན་འཕུར་སྐྱོད་ཚན་རིག་ཁྱབ་གདལ་སློབ་གསོ་དང་། བརྗོད་དོན་གཙོ་བོའི་སོལ་དལ་སྤྲོ་གསེང་། གློག་བརྙན་བརྩམས་ཆོས་པར་རྒྱག ཚན་རིག་ཞིབ་འཇུག འདྲ་བཟོས་ནང་སྦྱོང་སོགས་གལ་ཆེའི་ནང་དོན་ཚུད་ཡོད། ས་གནས་དེ་གའི་གཙོ་གཉེར་སྡེ་ཚན་གྱིས་འབྱུང་འགྱུར་སྐར་ཚོགས་ནམ་མཁའི་རིག་གནས་ཐོན་ལས་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་བྱས་ཏེ། རྟེན་གཞི་དེ་ཉིད་རང་རྒྱལ་གྱི་སྐར་མ་མིག་དམར་གྱི་རིག་གནས་བསམ་བཀོད་མྱོང་རོལ་རྟེན་གཞི་ཐོག་མར་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།