འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་2020ལོར་སླེབས་སྐབས་སློབ་གསོའི་ཁྱོན་ཡོངས་ཀྱི་ཆུ་ཚད་རྒྱལ་ཡོངས་ཀྱི་
    ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཉིན་ཤས་གོང་བཏོན་པ་རེད། འཆར་འགོད་ནང་2020ལོར་སླེབས་སྐབས་བོད་ཀྱི་སློབ་གསོ་འདི་ཉིད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཏེ་གཞི་རྩའི་ཆར་སྤྱི་པའི་སློབ་གསོའི་ཞབས་ཞུ་དོ་སྙོམས་ཅན་རིམ་པས་མངོན་འགྱུར་དང་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་ཡར་རྒྱས་ཆེན་པོ་བྱུང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་ཞབས་ཞུ་སྒྲུབ་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་སྤྱིའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བཏོན་ཡོད་པ་རེད།
         འཆར་འགོད་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫོང་ཁོངས་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་ཐེམ་ཐོ་སྒྱུར་བཅོས་ཀྱི་དུས་བབ་གསར་པ་དང་འཚམ་པ་བྱས་ནས་སྣ་གཉིས་གྲུབ་ཚུལ་གྱི་མཁར་རྫོང་གཞི་རྩའི་ཆར་མེད་པ་བཟོ་རྒྱུ་རེད། “སློབ་མཚམས་ཆད་རྒྱུ་ཚོད་འཛིན་དང་སློབ་གྲྭར་བསྐྱོད་རྒྱུ་འགན་ལེན་བྱེད་པའི”ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས“གཞི་རྩ་གཉིས”ཀྱི་གྲུབ་འབྲས་སྲ་བརྟན་གོང་མཐོར་གཏོང་རྒྱུ་རེད། 2020ལོར་སླེབས་སྐབས་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ཟིན་རྒྱུ་རེད། “ནུབ་རྒྱུད་ཀྱི་སློབ་ཁྲིད་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་སྒོ”སྤེལ་ནས་སློབ་ཁྲིད་ཞིབ་འཇུག་དང་། སློབ་ཁྲིད་ནུས་པ། ཆུ་ཚད་བཅས་གོང་མཐོར་གཏོང་རྒྱུ་རེད། སློབ་ཆུང་དུ་ཨང་རྩིས་སློབ་ཚན་ཁྲིད་ཚད་100%དང་། དམའ་རིམ་སློབ་འབྲིང་དུ་ཨང་རྩིས་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་སློབ་ཚན་འཆར་གཞི་ལེགས་གྲུབ་བྱེད་ཚད་100% དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཚོད་ལྟའི་སློབ་ཚན་ཁྲིད་ཚད་100%ཟིན་རྒྱུ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་འགག་སྒྲོལ་འཆར་གཞི་ལག་ལེན་བསྟར་རྒྱུ་རེད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་གཏོང་བ་དང་། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་ཆེད་སློབ་གྲྭ་5གསར་སྐྲུན་དང་སློབ་གྲྭ་12བསྐྱར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་རེད། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྤྱི་འདོམས་བྱས་ནས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་ལ་ཚད་ལྡན་ཅན་གྱི་ཁྱད་ལྡན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་རེ་ཡག་པོ་གཉེར་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། སློབ་གྲྭ་2གསར་སྐྲུན་དང་། སློབ་གྲྭ་2གནས་སྤོ་འཛུགས་སྐྲུན། ད་ཡོད་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ལེ་ལག་ཚང་དུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། ལྗོངས་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གླིང་དང་སློབ་གྲྭའི་དངོས་སྦྱོང་ཁང་20ཡི་ནུས་པ་འཛུགས་སྐྲུན་དང་རང་སྐྱོང་ལྗོངས་རིམ་པའི་སློབ་ཕྱིའི་དངོས་སྦྱོང་རྟེན་གཞི་10བསྐྲུན་རྒྱུ་གཙོ་གནད་ཐོག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ད་ཡོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་དང་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། སྐད་གཉིས་ཀྱི་རིག་གནས་དང་ལག་རྩལ་གཉིས་ལྡན་དགེ་རྒན་གསོ་སྐྱོང་བྱ་ཐབས་དང་ཁས་ལེན་ཚད་གཞི་བཟོས་ནས་རིག་གནས་དང་ལག་རྩལ་གཉིས་ལྡན་དགེ་རྒན་གྱི་བྱང་ཚད་ལྡན་པའི་ཆེད་ལས་སློབ་ཚན་གྱི་དགེ་རྒན་གྱི་བསྡུར་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ལ་ཕྱོགས་ནས་མི་རིགས་ཀྱི་ལག་རྩལ་ཆེ་མོ་བ་དང་། བཟོ་རྩལ་མཁས་པ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་གདན་དྲངས་ནས་དགེ་རྒན་བྱེད་དུ་བཅུག་སྟེ། ཆེད་མངགས་ལས་འགན་གཅིག་ལྕོགས་འཁུར་བའི“སྐད་གཉིས་དགེ་རྒན”དཔུང་ཁག་ཅིག་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།