འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“ཏང་དང་སྲིད་གཞུང་གི་ཐུགས་ཁུར་སྟོང་གཏམ་ཙམ་མ་རེད” 

    —— སི་ཁྲོན་ཞིང་ཆེན་གྱིས་རྨས་མ་སྐྱོབ་བཅོས་ཧུར་ཐག་བྱས་པས་རྨས་མའི་ནང་མིར་སེམས་འགུལ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། “ནང་གི་པ་ཕ། བུ་མོས་ཡང་བསྐྱར‘མི་དགོས’ཞེས་སྐད་ཆ་ཚིག་གཉིས་བཤད་སོང”ཞེས་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་མཐོ་གནོན་གསོ་རླུང་སྨན་བཅོས་ལྟེ་གནས་ཀྱི་ཕྱི་རོལ་དུ་ཀྲོའུ་ཆང་དངངས་འཚབ་ཀྱིས་གནས་མི་བཟོད་པར་སྒོ་འགྲམ་དུ་སྐོར་བ་ཡང་ཡང་བརྒྱབ་ནས་བསྡད་ཡོད། གློ་བུར་དུ་ནང་གི་ཨ་མ་ཏའེ་ཐན་ཡོན་དགའ་ངུ་ཤོར་བའི་སྒྲ་ཐོས་རྗེས་འཕྲལ་དུ་ཏའེ་ཐན་ཡོན་གྱི་ཕྱོགས་སུ་རྒྱུག ཀྲོའུ་ཆང་གིས་ལོ་བརྒྱད་ལ་སླེབས་པའི་བུ་མོ་དོས་དྲག་སྨན་ཁང་གི་མྱུར་སྐྱོབ་ཉལ་ཁྲིའི་ཐོག་ཁུ་སིམ་མེར་ཉལ་ནས་སྡོད་པ་མཐོང་སྐབས་མིག་གཉིས་ནས་རང་དབང་མེད་པར་མཆི་མ་ཤོར།
            ཚེས་8ཉིན་གྱི་དགོང་མོའི་ཆུ་ཚོད་9པ་ཙམ་ལ་ཀྲོའུ་ཆང་ནང་ཚང་གི་ནང་མི་5ཡུལ་སྐོར་ཚོགས་པ་དང་མཉམ་དུ་ཁྲུང་ཆིང་ནས་གཟི་ཚྭ་སྡེ་དགུར་འབྱོར། སྣེ་ཤན་པས་ཁོང་ཚོ་བོད་རིགས་སྤུན་ཟླའི་ཁྱིམ་དུ་བོད་རིགས་ཀྱི་གོམས་སྲོལ་མྱོང་རོལ་བྱེད་པར་འཁྲིད། ཁོང་ཚོ་བོད་རིགས་ཁྱིམ་དུ་བསྡད་ནས་སྐར་མ་གཉིས་ལས་མ་སོང་བར་གློ་བུར་དུ་ས་ཡོམ་བརྒྱབ། ཁོང་ཚོ་ཁང་པའི་ནང་ནས་བྲོས་སྐབས་རྡོ་གཡམ་གཅིག་བུ་མོའི་མགོ་ལ་ཕོག་སྟེ་ཀླད་རུས་གཡོན་མ་རྡིབ་པ་དང་ཀླད་པར་རྨས་སྐྱོན་ཕོག་པས་སྐད་ཆ་ཤོད་མི་ཐུབ་པར་གྱུར།
            “‘ཨ་མ’དང‘ང’ཞེས་པ་ལས་ཤོད་མི་ཐུབ”བུ་མོའི་གཙོ་བཅོས་སྨན་པ་དང་ཞིང་ཆེན་སྨན་ཁང་མྱུར་སྐྱོབ་ལྟེ་གནས་ཀྱི་དོས་དྲག་ICUཡི་སྨན་པ་རབ་འབྱམས་པ་གཞོན་པ་ཁྲང་ལིས་གོང་ཚེས་ཉིན་གྱི་སྔ་དྲོ་སྨན་ཁང་གིས་རིག་ཚན་མང་པོའི་སྨན་པ་ལྷན་འཛོམས་ཀྱིས་ནད་དཔྱད་བྱེད་སྐབས་རྨས་མ་ཆུང་ཆུང་དེ་སུན་སྣང་དང་འཚབ་འཚུབ་བྱེད་པ་རྟོགས་བྱུང་། དེར་བརྟེན་ང་ཚོས་སྔོན་ཚུད་ནས་ཀླད་རྩ་སླར་གསོའི་སྨན་བཅོས་བྱས་པ་མ་ཟད། ད་དུང་འཕྲལ་དུ་མཐོ་གནོན་གསོ་རླུང་གི་སྨན་བཅོས་ཀྱང་བྱས་པ་ཡིན་ཞེས་བཤད་བྱུང་། གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ཙམ་ལ་རྨས་མ་ཆུང་ཆུང་སྨན་ཁང་དེའི་མཐོ་གནོན་གསོ་རླུང་གི་སྨན་བཅོས་ལྟེ་གནས་སུ་སྨན་བཅོས་བྱེད་པར་བསྐྱལ་སོང་། “ལོ་ཆུང་རྨས་མ་དེར་ས་ཡོམ་ཁྲོད་ནས་དངངས་སྐྲག་ཆེན་པོ་ལངས་ཏེ་སེམས་ནང་ཕོག་ཐུག་བྱུང་ཡོད་ཤས་ཆེ་སྙམ་ནས་ལྟེ་གནས་ཀྱིས་དམིགས་སུ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་སྨན་དོན་མི་སྣ་དང་བུ་མོའི་ཨ་མ་མཉམ་དུ་ཚང་སྦུག་ནང་སྨན་བཅོས་བྱེད་པར་བཏང་ཡོད”
           “ཐེངས་དང་པོ་ས་ཡོམ་བརྒྱུད་ནས་འཆི་གསོན་གྱི་འདུ་ཤེས་ཟབ་མོ་བྱུང་ཡོད། སྨན་དོན་མི་སྣས་འགན་སེམས་ཆེན་པོས་བུ་མོར་སྨན་བཅོས་བྱེད་པ་མཐོང་སྐབས་སེམས་ནང་འཇིག་རྟེན་ཐོག་བྱམས་སེམས་ཅན་གྱིས་ཁེངས་པ་རྟོགས་བྱུང”ཞེས་ཀྲོའུ་ཆང་གིས་རྐང་པར་རྨས་སྐྱོན་ཕོག་པའི་བཟའ་ཟླ་སྐྱོར་བཞིན་དུ་སྨན་དོན་མི་སྣ་དང་མཉམ་དུ་བུ་མོ་ICUནད་ཁང་ནང་བསྐྱལ། ད་ཆ་ས་ཡོམ་གྱི་འཇིགས་སྣང་ལྷག་འཕྲོ་དག་སེམས་འགུལ་ཐེབས་པའི་བྱ་སྤྱོད་རེ་རེ་ལས་རིམ་བཞིན་སེལ་བ་རེད།
            “ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བུ་མོ་སྐྱོབ་ཐབས་བྱེད་ཀྱི་ཡིན”ཞེས་ཚེས་8ཉིན་གྱི་ཕྱི་དྲོ་སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་རྨས་མར་ལྟ་བར་སླེབས་དུས་བཤད། སྐད་ཆ་དེ་ཐོས་སྐབས་ཀྲོའུ་ཆང་ལ་སླར་ཡང་སེམས་འགུལ་ཚད་མེད་ཐེབས། “དེ་གོང་བརྙན་འཕྲིན་འཁྲབ་ཚན་ནང་སྐད་ཆ་དེ་རིགས་མང་པོ་ཐོས་མྱོང་ཡོད། དེ་རིང་དབུ་ཁྲིད་ཚོས་སྐད་ཆ་དེ་འདྲ་གསུངས་པ་དངོས་སུ་ཐོས་སྐབས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་སྟོང་གཏམ་ཙམ་མིན་པའི་ཚོར་སྣང་བྱུང”ཞེས་ཀྲོའུ་ཆང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།