འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་ཡིས་ཕུའུ་ཅིང་གིས་ཨུ་རུ་སུར་བཅའ་སྡོད་བྱས་པའི་ཨ་རིའི་ཕྱི་འབྲེལ་མི་སྣ་མང་པོ་
    ཞིག་ཉུང་དུ་བཏང་བར་བཀའ་དྲིན་ཆེ་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ཨུ་རུ་སུར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་755ཉུང་དུ་གཏོང་བའི་བླང་བྱ་བཏོན་པའི་དོན་དག་དེར་གཞིགས་ནས། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་ཟླ་8ཚེས་10ཉིན་ཐོག་མར་ཡོངས་བསྒྲགས་སུ་ལན་བཏབ་པ་རེད། ཐི་རོམ་ཕུ་ཡིས་ང་རང་གིས་ཕུའུ་ཅིང་ལ་བཀའ་དྲིན་ཆེ་ཞུ་འདོད་ཡོད། རྒྱུ་མཚན་ནི་ང་ཚོས་ད་ལྟ་གླ་ཕོགས་ཀྱི་འགྲོ་སོང་ཉུང་དུ་གཏོང་བར་འབད་པ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
           ཟླ་7པར། ཨ་རིའི་གྲོས་ཁང་གོང་འོག་གཉིས་ནས་ཨུ་རུ་སུ་བཀག་སྡོམ་གྱི་ཁྲིམས་གཞིར་གྲོས་འཆམ་བྱུང་བ་རེད། རྒྱུ་རྐྱེན་ནི་ཨུ་རུ་སུ་ཡིས་2016ལོའི་ཨ་རིའི་སྲིད་འཛིན་འདེམས་བསྐོ་ཆེན་མོར་ཐེ་གཏོགས་བྱས་པའི་དོགས་གཞི་ཡོད་པས་རེད། དེར་ངོ་རྒོལ་བྱ་ཆེད། ཕུའུ་ཅིང་གིས་ཟླ་7པའི་ཟླ་མཇུག་ཏུ་ཨུ་རུ་སུར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་755ཉུང་དུ་གཏོང་རྒྱུ་ཡིན་པ་བསྒྲགས་ཏེ་ཨུ་རུ་སུ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་གྲངས་ཀ་གཅིག་མཚུངས་སུ་བཏང་བ་རེད། 
          ཨུ་རུ་སུ་བཀག་སྡོམ་བྱེད་པའི་རྒྱལ་ཚོགས་ཀྱི་ཁྲིམས་གཞིར་གྲོས་འཆམ་བྱུང་བར་ཐི་རོམ་ཕུ་ཡིས་སྔར་ནས་བཟུང་ཡིད་ཕངས་ཚུལ་བསྟན་ཡོད་ལ། ཐག་གཅོད་དེས་སྲིད་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་གྱི་མྱུར་བའི་རང་བཞིན་ལ་ཤུགས་རྐྱེན་ཐེབས་འདུག་ཅེས་བརྗོད་པ་རེད། ཁྲིམས་གཞི་དེས་ཨུ་རུ་སུར་བཀག་སྡོམ་བྱས་ཡོད་པ་མ་ཟད། ད་དུང་ཨུ་རུ་སུའི་བཀག་སྡོམ་ཉུང་དུ་གཏོང་བའམ་གློད་བཀྲོལ་གཏོང་བའི་ཨ་རིའི་སྲིད་འཛིན་གྱི་དབང་ཆར་ཡང་ཚོད་འཛིན་བྱས་ཡོད་པ་རེད། འོན་ཀྱང་། ཐི་རོམ་ཕུ་ཡིས་ཟླ་8ཚེས་2ཉིན། སྔར་བཞིན་ཁྲིམས་གཞི་དེ་ཉིད་ལ་མིང་རྟགས་བཀོད་པ་དང་། དུས་མཚུངས་སུ་གསལ་བསྒྲགས་སྤེལ་ཏེ་ཁྲིམས་གཞི་དེར་མི་འདང་ས་མང་པོ་ཞིག་འདུག་ཅེས་བརྗོད་པ་རེད།
         ཟླ་8ཚེས་10ཉིན། ཤིན་ཙེ་ཞི་རུ་སྤྲོ་གསེང་གཏོང་བཞིན་པའི་ཐི་རོམ་ཕུ་ཡིས་རྒྱལ་ཁབ་བདེ་འཇགས་ཀྱི་སྙན་ཞུ་རགས་བསྡུས་གསན་རྗེས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། ཨ་རིའི་ཕྱི་འབྲེལ་དཔོན"མཐར་སྐྲོད"བཏང་ཚུལ་སྐོར་ལ་གཞན་གྱིས་དྲི་བ་འདོན་སྐབས། ཐི་རོམ་ཕུ་ཡིས་ང་རང་གིས་ཕུའུ་ཅིང་ལ་བཀའ་དྲིན་ཆེ་ཞུ་འདོད་ཡོད། རྒྱུ་མཚན་ནི་ད་ལྟ་ང་ཚོས་གླ་ཕོགས་ཀྱི་འགྲོ་སོང་ཉུང་དུ་གཏོང་བར་འབད་པ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
          ཐི་རོམ་ཕུ་ཡིས་ང་རང་ལ་མཚོན་ནས་བཤད་ན། ཕུའུ་ཅིང་གིས་མི་མང་པོ་ཞིག་འགྲོ་རུ་བཅུག་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ང་ཚོར་ད་ལྟ་གླ་ཕོགས་མིང་ཐོ་ཆུང་ངུ་ཞིག་ཡོད་པ་རེད། ཁོང་ཚོ་(ཨ་རིའི་ཕྱི་འབྲེལ་དཔོན)ཕྱིར་སྐྱོད་དགོས་པའི་རྒྱུ་མཚན་མི་འདུག དོན་དངོས་འདིས་ང་ཚོའི་གླ་ཕོགས་ཉུང་དུ་གཏོང་ཐུབ་པར་བཀའ་དྲིན་ཆེ་ཞེས་ཞུ། ང་ཚོས་སྒོར་མོ་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ་འདུག་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།