འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ནས་བཟུང་སྨན་རིན་མི་དགོས་པར་སྐྱ་འགྲིབ་ཕོག་པའི་ནད་པ་དབུལ་པོར་སྐྱོབ་བཅོས་
    བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། 2017ལོ་ནས་བཟུང་། ཞིབ་དཔྱད་ཆོག་མཆན་བཀོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་སྐྱ་འགྲིབ་ཕོག་པའི་ནད་པར་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱ་རྒྱུ་དང་། 2020ལོར་སླེབས་སྐབས། ཡིག་ཚགས་དང་གཱ་བཟོས་པའི་སྐྱ་འགྲིབ་ཕོག་པའི་ནད་པ་ཡོངས་ལ་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱ་རྒྱུ་དང་འབྲེལ་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་རེད། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་《“འོད་སྣང་དབུལ་སྐྱོར་འདུ་འགོད”ཀྱི་ལས་ཀའི་ཇུས་གཞི་》བཀྲམ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་རྒྱུར་བདེ་ཐང་གི་འགན་ལེན་བྱས་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་སྐྱ་འགྲིབ་ནི་སྔར་བཞིན་རང་རྒྱལ་གྱི་མིག་ལོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། སྐྱ་འགྲིབ་ཕོག་པའི་ནད་པ་དབུལ་པོ་ཁག་གཅིག་འབྱོར་འཁོས་ཞན་པའི་དབང་གིས་དུས་ཐོག་ཏུ་གཤགས་བཅོས་མ་ཐུབ་རྐྱེན་ཚད་གཞི་མི་འདྲ་བའི་མིག་ཤེད་ཉམས་པ་དང་ཐ་ན་མིག་ལོང་ནས་རྒྱུན་གཏན་ལྟར་འཚོ་བ་སྐྱེལ་མི་ཐུབ་པར་ནད་པ་དང་ཁྱིམ་ཚང་ལ་ཁུར་པོ་ཆེན་པོ་བཟོ་གི་ཡོད། གྲོང་གསེབ་ཀྱི་སྐྱ་འགྲིབ་ཕོག་པའི་ནད་པ་དབུལ་པོར་སྨན་བཅོས་སྐྱོབ་བཅོས་བྱ་རྒྱུ་ནི་རང་རྒྱལ་གྱི་ལོང་བ་སྔོན་འགོག་དང་སྨན་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་འགན་ལེན་ཐུབ་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཇུས་གཞིའི་ནང་ཕྱོགས་བཞིའི་ཐད་ནས་སྐྱ་འགྲིབ་ཕོག་པའི་ནད་པ་དབུལ་པོར་སྨན་བཅོས་སྐྱོབ་བཅོས་བྱ་རྒྱུ་ཡིན་པ་བཏོན་ཡོད་པ་སྟེ། དང་ཐོག་སྤུས་ཚད་འགན་ལེན་དང་། ནད་པར་སྟབས་བདེ་སྐྲུན་པ། དོ་དམ་ཚད་ལྡན་བཅས་རྩ་དོན་དུ་བྱས་ཏེ་གནས་གཏན་འཁེལ་གྱི་སྨན་ཁང་གཏན་འཁེལ་བྱེད་པ་དང་གནས་གཏན་འཁེལ་གྱི་སྨན་ཁང་དེ་ཉིད་རྩ་དོན་ཐོག་རྫོང་རིམ་པའི་སྨན་ཁང་དུ་བཀོད་སྒྲིག་བྱེད་དགོས་པ་དང་འབྲེལ། སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་ཁང་ཡིན་དགོས་པ་དང་། གཉིས་ནས་ནད་བརྟག་སྨན་བཅོས་ཇུས་གཞི་བཟོ་བ་དང་། བདེ་འཇགས་ནུས་ལྡན་དང་གོང་ཁེ་གོ་ཆོད་ཀྱི་ནད་བརྟག་སྨན་བཅོས་ལག་རྩལ་དང་སྨན་རྫས་སྔོན་ལ་འདེམས་དགོས་པ། གསུམ་ནས་སྨན་བཅོས་སྐྱོབ་བཅོས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་སྨན་པ་དང་། འཆར་བཙའ་ཆེད་བསྐོས་ལས་མི། ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་དོན་རུ་ཁག དབུལ་སྐྱོར་དཔུང་ཁག་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རོགས་སྐྱོབ་བྱ་ཡུལ་གྱི་སྒྲིག་འཛུགས་ལས་དོན་ཡག་པོ་སྒྲུབ་དགོས་པ། བཞི་ནས་སྤུས་ཚད་ལ་ཤུགས་སྣོན་བརྒྱབ་སྟེ་གནས་གཏན་འཁེལ་གྱི་སྨན་ཁང་གིས་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་ལས་དོན་ཚད་ལྡན་དུ་བཏང་ཐོག་ལས་སྒོ་གསོ་སྦྱོང་བྱས་ནས་སྐྱ་འགྲིབ་གཤགས་བཅོས་ཀྱི་སྤུས་ཚད་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
         མ་དངུལ་བསྡུ་སྒྲིལ་བྱས་ཏེ་རིན་མི་དགོས་པར་སྐྱོབ་བཅོས་བྱེད་དགོས། ཇུས་གཞིར་ས་གནས་ཁག་གིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྨན་བཅོས་འགན་བཅོལ་གྱིས་སྨན་རིན་རྩིས་ཞུ་བྱས་རྗེས་ཀྱི་མི་སྒེར་གྱིས་སྤྲད་པའི་སྨན་རིན་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུ་སྐུལ་སྤེལ་ཚོགས་པ་དང་ཀྲུང་གོ་སྤྱི་ཚོགས་དབུལ་སྐྱོར་དྲ་བས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མ་དངུལ་བསྡུ་སྒྲིལ་གྱིས་མཐའ་སྐྱོང་ཐུབ་པ་བྱས་ནས་རིན་མི་དགོས་པར་སྐྱོབ་བཅོས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ལྟ་སྐུལ་དཔྱད་ཞིབ་བྱས་ཏེ་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་དགོས། ཇུས་གཞིར་འཕྲོད་བསྟེན་དང་འཆར་བཙའ་དང་དབུལ་སྐྱོར་སོགས་སྡེ་ཚན་གྱིས་ཆེད་བསྐོས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་སྨན་བཅོས་སྐྱོབ་བཅོས་བྱས་ཚུལ་ལ་དཔྱད་ཞིབ་བྱེད་པ་དང་སྤྱི་ཚོགས་མ་དངུལ་སྤྱད་ཚུལ་ཐད་ལྟ་སྐུལ་བྱས་ནས་དུས་བཀག་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། གནས་གཏན་འཁེལ་གྱི་སྨན་ཁང་གིས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་སེལ་བའི་སྔོན་ཇུས་འདིང་བ་དང་གཤགས་བཅོས་བྱས་རྗེས་ནད་ལོག་རྒྱག་པ་སོགས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་སྐབས་ཐག་གཅོད་གང་ལེགས་བྱས་ནས་འཕྲོད་བསྟེན་དང་འཆར་བཙའ་དང་དབུལ་སྐྱོར་སྡེ་ཚན་ལ་སྙན་ཞུ་དང་གཞོགས་འདེགས་བྱས་ཏེ་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།