འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་དུ་ཕྱོགས་ཡོངས་ནས་ཀུན་སྤྱོད་དཔེ་བཟང་དྲིལ་བསྒྲགས་བྱེད་པའི་རྣམ་པ་ཞིག་ཆགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཀའོ་ཏེ་རུང་གི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་《ཏུའུ་ལུང་རིགས་ཀྱི་བུ་ཕྲུག་》ཅེས་པ་བསྟན་རྗེས། ཡུན་ནན་ནོར་དཔལ་སློབ་ཆེན་གྱི་དང་བླངས་པ་ལུའེ་ཚུའེ་དབྱིང་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་གོ་སྐབས་བྱུང་ན་ངེས་པར་དུ་ཏུའུ་ལུང་གཙང་པོར་ཐེངས་གཅིག་ལྟ་བར་འགྲོ་གི་ཡིན་ལ། སློབ་གྲྭ་ཐོན་རྗེས་ཀྱང་ཀའོ་ཏེ་རུང་དང་འདྲ་བར་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་མི་དམངས་ཀྱི་སྤྱི་ཞབས་པ་ཞིག་བྱེད་ཀྱི་ཡིན་ཞེས་བཤད།
         ཡུན་ནན་ཞིང་ཆེན་གྱིས་ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་གློག་བརྙན་དང་། དཔེ་དེབ། གར་སྟེགས་བཅས་ཀྱི་ལམ་ནས་ངོ་སྤྲོད་བྱས་ཡོད། 《མཱ་ཅིའུ་》དང་《ཀྲུང་གོའི་ཏུའུ་ལུང་རིགས་ཀྱི་ཞིབ་དཔྱོད་དཔོན་ཐོག་མ་ཅང་ཏེ་ཧྭ་》 《ཏུའུ་ལུང་རིགས་ཀྱི་བུ་ཕྲུག་》སོགས་ཀུན་སྤྱོད་དཔེ་བཟང་གི་སྐོར་བཀོད་པའི་གློག་བརྙན་རྣམས་གློག་བརྙན་ཁང་དང་དྲ་ཐོག་ཏུ་བསྟན་པས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། 《དུས་རབས་ཀྱི་མིག་དཔེ་ཀའོ་ཏེ་རུང་》དང་《ཡུན་ལིང་གི་དཔེ་བཟང་བ་》 《ཉེ་འགྲམ་གྱི་མིག་དཔེ་》སོགས་དཔེ་དེབ་དང་མི་བཟང་གི་མུ་སྦྲེལ་དྲིལ་བསྒྲགས་ལག་དེབ་ཀྱང་སྔ་རྗེས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་པ་དང་། ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་ལ་གཞིགས་ཏེ་སྒྱུར་བཟོ་བྱས་པའི་འཁྲབ་ཚན་ཐུང་ངུ་དང་། གཞས་མ་གཏམ། ཞབས་བྲོ། པའེ་རིགས་ཀྱི་ཏ་པན་གླུ་གཞས་སོགས་ཀྱང་ཞིང་ཆེན་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་པས། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད།
         རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་བྱེད་སྒོ་སྐབས་དྲུག་པ་སྤེལ་རིང་། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་འོས་མི་10གོང་ཞུ་བྱས་ཡོད། ཁོང་ཚོའི་ཁྲོད་དབུལ་སྐྱོར་དཀའ་སེལ་དང་སྤྱི་ཕན་ལས་ལ་ཞུགས་ནས་ལོ་ངོ་15སོང་བའི་ཁེ་ལས་མཁས་ཅན་ལིའུ་ཐན་ཝུའེ་དང་། དཔའ་ངར་ཞུམ་མེད་དང་རང་སྲོག་ལ་མ་འཛེམས་པར་མི་གཞན་སྐྱོབ་མཁན་གཞུང་ལས་པ་སུའུ་དབྱིང་ཆིང་། བྱ་དགའ་ཆེན་པོ་ཁྲི་བརྒྱ་གྲངས་ཁ་ཤས་ཡོད་ཀྱང་རང་གཤིས་མི་འགྱུར་བའི་ཚོང་པ་ཁྲེང་ཧུའེ་དབྱིང་། ལོ་32ཉིན་གཅིག་ལྟར་མཐའ་མཚམས་སུ་སྐོར་ཞིབ་དང་བརྟག་ཞིབ་བྱེད་མཁན་མཐའ་མཚམས་ལས་དོན་པ་དབྱང་ཐན་ཚའེ་སོགས་ཡོད་པ་རེད།
         ཀུན་སྤྱོད་དཔེ་བཟང་དེ་དག་གཞི་རིམ་ནས་རིམ་པ་བཞིན་འོས་སྦྱོར་དང་དཔྱད་འདེམས་བྱས་པ་ཤ་སྟག་ཡིན་པ་དང་། ཁོང་ཚོའི་བྱས་རྗེས་ཀྱང་སྤྱི་ཕན་བརྡ་ཁྱབ་དང་། གཞས་མ་གཏམ་མཚན་ཚོགས། ཤེས་དཔལ་སློབ་ཚན། སྨྱན་སྦྱོར་ཆེ་ཁག་བཅས་བརྒྱུད་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དྲིལ་བསྒྲགས་སམ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
         “ཀུན་སྤྱོད་དཔེ་བཟང་འོས་སྦྱོར་དང་དཔྱད་འདེམས་བྱ་རྒྱུ་ནི་བྱ་ཐབས་ཤིག་རེད། དེའི་དམིགས་ཡུལ་ནི་ཁོང་ཚོའི་བྱས་རྗེས་དྲིལ་བསྒྲགས་བྱེད་རིང་མི་མང་པོ་ཞིག་ལ་རིམ་གྱིས་སློབ་གསོ་ཐེབས་ནས་ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་ལས་མི་སྔར་ལས་མང་བར་ཤུགས་རྐྱེན་དང་སྐུལ་ཁྲིད་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་ཡུན་ནན་ཞིང་ཆེན་ཤེས་དཔལ་གཞུང་ལས་ཁང་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་ཡུན་ཧྭ་ཡིས་དེ་ལྟར་བཤད་པ་རེད།
         ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་རྟེན་གཞི་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཡིན་པའི་ཆུས་ཅིང་གྲོང་ཁྱེར་ཧྲེ་ཙུང་རྫོང་དུ་ཀྲུང་ཧྭའི་སྲོལ་རྒྱུན་གྱི་སྤྱོད་བཟང་སློབ་གསོ་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དུས་ཆེན་དང་བྱེད་སྒོའི་ནང་སྤེལ་རྒྱུ་དེ་ཡུལ་དེའི་ལས་བྱེད་མང་ཚོགས་ཚོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།