འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོར"སྣང་ཆེན་བཞི་དང་དགའ་ཞེན་
    བཞིའི"རིག་རྩལ་གཤམ་སྐྱོད་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་སྐྱེས་ཕོ་མོ་རྒན་གཞོན་གྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བ་དང་སྐྱིད་པའི་དགོད་སྒྲ་སྒྲོག་བཞིན་འདུག གང་ཡིན་ཟེར་ན། ལྷ་ས་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་སྟོད་ལུང་བདེ་ཆེན་ཆུས་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་རིག་རྩལ་གཤམ་སྐྱོད་བྱེད་སྒོ་འདི་གར་གཟབ་རྒྱས་ངང་སྤེལ་བཞིན་ཡོད་པས་རེད།
         དེ་ཉིན་ཞོགས་པ་སྔ་པོར། དྲོ་འཇམ་གྱི་དཔྱིད་རླུང་ལྡང་བ་དང་སྦྲགས་མི་ལོ་བདུན་ཅུར་ཉེ་བའི་རྒད་པོ་ཚེ་དབང་ནོར་བུས་གྲོང་ཚོ་གཅིག་པའི་གྲོགས་པོ་ཚོ་དང་མཉམ་དུ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཉི་མ་སྲོ་ཞོར་དུ་ཅི་འཕྲོས་མོལ་འཕྲོས་ངང་རིག་རྩལ་བྱེད་སྒོ་འགོ་ཚུགས་རྒྱུ་སྒུག་ནས་བསྡད།
         རྒད་པོ་ཚེ་དབང་ནོར་བུས་གྲོང་ཚོ་དང་གྲོང་རྡལ་དུ་གཉེར་བའི་རིག་རྩལ་བྱེད་སྒོ་གཅིག་རྐྱང་མ་ལུས་པར་ལྟ་ཀྱིན་ཡོད་པ་བཟང་མོ་གྲོང་ཚོའི་མི་ཚང་མས་ཤེས་ཀྱི་ཡོད། དེ་ནི་ཁོང་རིག་རྩལ་ལ་ཞེན་པ་ཁོ་ན་མིན་པར་ཞབས་བྲོའི་སྟངས་སྟབས་རེ་རེ་དང་གླུ་དབྱངས་ཀྱི་འགྱུར་ཁུག་རེ་རེས་སྔར་སོང་གི་བྱ་བ་མང་པོ་ཡིད་ལ་འཆར་ནས་ད་ཆའི་འཚོ་བ་ཡག་པོ་ལས་སླ་པོར་བྱུང་བ་ཞིག་མིན་སྟབས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པའི་མྱོང་བ་ཟབ་མོ་ཞིག་ཡོང་གི་ཡོད་པས་རེད།
         རྒད་པོ་ཚེ་དབང་ནོར་བུས“ང་ནི་ཏང་ཡོན་རྒན་གྲས་ཤིག་ཡིན། ད་ལོ་ལོ་67ལ་སླེབས་སོང་། དར་དམར་འོག་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན། ངའི་འཚར་ལོངས་བརྒྱུད་རིམ་ནང་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མཐོང་བྱུང་། གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་མེད་ལ་ད་ཆའི་འཚོ་བ་ཡག་པོ་དེ་བས་ཀྱང་མེད”ཅེས་བཤད།
         རང་ཉིད་ཀྱི་མི་ཚེའི་རིང་དངོས་སུ་མཐོང་བ་དང་བརྒྱུད་མྱོང་བའི་འགྱུར་ལྡོག་སྐོར་གླེང་རིམ་བཞིན་རྒད་པོ་ཚེ་དབང་ནོར་བུར་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད། ཁོང་གིས“ད་ཆ་ང་ཚོ་ནང་མི་ཚང་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བྱ་ཡུལ་དུ་སྤོས་པ་མ་ཟད། ཟླ་རེར་ད་དུང་འཚོ་བའི་ཁ་གསབ་མི་ཉུང་བ་ཞིག་ལེན་རྒྱུ་ཡོད། དེ་སྔའི་འཚོ་བ་སྐྱོ་པོ་ད་ཆ་སྐྱེལ་མི་དགོས་པ་དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ཡིན”ཞེས་ཤོད་ཀྱི་ཡོད།
         ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་དང་། སྟོད་ལུང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ། སྟོད་ལུང་མོང་ཀྲི་ཝུའུ་སྒྱུ་རྩལ་ཚོགས་པ་བཅས་ཀྱི་འཁྲབ་སྟོན་པ་ཚོས་གྲོང་མི་ཚོར་《ས་མཐོའི་དགའ་གླུ་》དང་། 《བསྐུར་མ་》 《སྣམ་བུ་འཐག་པའི་ཕུགས་འདུན་》སོགས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་འཁྲབ་ཚན་18འཁྲབ་པ་རེད།
         སྙན་ཞིང་འཇེབས་པའི་གླུ་སྒྲ་དང་། དགའ་སྤྲོ་འཁོལ་བའི་ཞབས་བྲོ། དགོད་བྲོའི་འཁྲབ་ཚན་ཐུང་གྲས་དང་གཏམ་གླེང་སོགས་བརྒྱུད“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ཀྱི་སློབ་གསོའི་བརྗོད་དོན་རྒྱ་ཆེའི་གྲོང་མི་ཚོར་བརྒྱུད་བསྒྲགས་བྱས་པས། གྲོང་མི་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ནས་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་སྤྲོ་སྣང་གི་རྣམ་པས་ཁེངས།
         བཟང་མོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚའོ་ཡ་ཅོན་གྱིས“ང་ཚོས་ད་ཐེངས་ཀྱི་རིག་རྩལ་གཤམ་སྐྱོད་བྱེད་སྒོ་སྒྲིག་འཛུགས་བྱེད་དོན་ནི་རྣམ་པ་སྣ་ཚོགས་ཀྱི་རིག་རྩལ་བྱེད་སྒོ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཏང་གཅེས་འདུ་ཤེས་དང་། རྒྱལ་གཅེས་འདུ་ཤེས། ཕ་ཡུལ་ལ་གཅེས་པའི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཁོང་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་ཞིང་འབྲོག་པ་ཚོས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དངོས་སུ་ཞུགས་ཏེ་རང་ངོས་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་རྒྱུའི་ཆེད་དུ་ཡིན”ཞེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།