འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཞུང་ཨན་ཁུལ་གསར་གྱིས་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོམ་བུར་དམིགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞུང་ཨན་ཁུལ་གསར་འཛུགས་གྲབས་ཡོད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་བཀྲམ་ནས་འཛུགས་རྒྱུའི་གཏན་འབེབས་བྱས་པའི་ཁུལ་གསར་དེ་ནི་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་དང་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་དང་གཅིག་མཚུངས་ཀྱི་རྒྱལ་ཁབ་རིམ་པའི་ཁུལ་གསར་ཞིག་ཡིན། ཞུང་ཨན་གྱི་བློ་སྟོབས་གང་དུ་ཡོད་དམ་ཞེ་ན། དེའི་ཐད་གསར་འགོད་པས་པེ་ཅིང་དང་ཐེན་ཅིན་ཧོ་པེའི་ཐུན་མོང་འཕེལ་རྒྱས་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་གྱི་ཁོངས་མི་ནན་ཁའེ་སློབ་ཆེན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་པིན་ལན་ལ་བཅར་འདྲི་བྱས་པ་ཡིན།
         “ཞུང་ཨན་འདི་ཉིད་པེ་ཅིང་དང་ཐེན་ཅིན་དབར་ཆ་སྙོམས་སྤྱི་ལེ་100ཙམ་རེ་ཡོད་པ་དང་ཧྲེ་ཅ་ཀྲོང་དང་སྤྱི་ལེ་150ཙམ་ཡོད་པས་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོམ་བུའི་ལྟེ་བ་གསར་པ་གལ་ཆེན་དུ་འགྱུར་རྒྱུ་རེད”ལིའུ་པིན་ལན་གྱིས་ཞུང་ཨན་ཁུལ་གསར་གྱི་གནས་བབ་མཐོ་བ་དང་། འགོ་འཛུགས་ས་མཐོ་བ། ཚད་གཞི་མཐོ་བ་བཅས་ཡོད་པས་འཛམ་གླིང་རིམ་པར་དམིགས་ཡོད། མིག་སྔར་གོ་ལ་ཧྲིལ་པོར་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་མང་པོ་ཡོད། དཔེར་ན་ཉིའུ་གཡོད་དང་། ལོན་ཏོན། ཕ་རི་སི། ཐོ་ཁེའོ། ཧྲང་ཧའེ་སོགས་ལྟེ་བར་བྱེད་པའི་གྲོང་ཁྱེར་གྱི་ཚོམ་བུ་ཡོད། ཀྲུང་གོས་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོམ་བུ་གཞན་ཞིག་སྟེ། རྒྱལ་ས་སྲོག་ཤིང་དུ་བྱས་པའི་པེ་ཅིང་དང་ཐེན་ཅིན་ཧོ་པེ་བཅས་ཀྱི་གྲོང་ཁྱེར་ཚོམ་བུ་གཞན་ཞིག་སླར་ཡང་སྐྲུན་བཞིན་ཡོད་པ་དང་ཞུང་ཨན་འདི་ཉིད་གྲོང་ཁྱེར་ཚོམ་བུའི་གཙོ་རྐང་དུ་གནས་ཡོད་ཅེས་བརྗོད།
         ཞུང་ཨན་ཁུལ་གསར་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་ཚོམ་བུའི་ལྟེ་བ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞིང་། ལིའུ་པིན་ལན་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཐུན་མོང་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་། པེ་ཅིང་དང་ཐེན་ཅིན་ཧོ་པེ་བཅས་ཀྱི་གྲོང་ཁྱེར་ཚོམ་བུའི་བར་མཐོངས་གྲུབ་ཆ་ནི“སྲོག་ཤིང་གཅིག་དང་། གྲོང་ཁྱེར་གཉིས། གཙོ་རྐང་གསུམ ཁུལ་བཞི”ཡིན་ཞིང་། པེ་ཅིང་སྲོག་ཤིང་དུ་བྱེད་པ་དང་གཙོ་རྐང་གསུམ་ལས་གྲོང་ཁྱེར་ཚོམ་བུའི་བར་མཐོངས་ཀྱི་གྲུབ་ཆ་གྲུབ་ཡོད། པེ་ཅིང་ཐེན་ཅིན་དང་། པེ་ཅིང་པའོ་ཏིང་ཧྲེ་ཅ་ཀྲོང་། པེ་ཅིང་ཐང་ཧྲན་ཆིན་ཧོང་ཏའོ་བཅས་ཐོན་ལས་འཕེལ་རྒྱས་རྒྱུད་དང་གྲོང་ཁྱེར་དང་གྲོང་རྡལ་འདུས་པའི་གཙོ་རྐང་ལ་ཟེར། པེ་ཅིང་ནས་པའོ་ཏིང་བར་དང་པའོ་ཏིང་ནས་ཧྲེ་ཅ་ཀྲོང་བར་གྱི་དཔལ་འབྱོར་རྒྱུད་དེར་ཞུང་ཨན་ཁུལ་གསར་གྱི་འཆར་གཞི་བཀོད་ཡོད་པ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་ཀྱི་གཟུགས་བརྙན་དང་ལས་ཆོད་དེ་ནས་མངོན་རྒྱུ་ཡིན་པ་རེད།
         ཞུང་ཨན་ཁུལ་གསར་དེས་ཀྱང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་ཚོམ་བུ་བསྐྲུན་པའི་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྦྱིན་རྒྱུ་ཡིན་ཞིང་། “ཞུང་ཨན་འདི་ཉིད་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་ཀྱི་འབྱུང་འགྱུར་གྱི་ལྟེ་བ་གལ་ཆེན་ཡིན་ནའང་མིག་སྔ་འཕེལ་རྒྱས་ཅུང་འགོར་བའི་གནས་ཤིག་ཡིན”ལིའུ་པིན་ལན་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་ཚོམ་བུའི་ནང་པེ་ཅིང་དང་ཧྲེ་ཅ་ཀྲོང་གི་དབུས་སུ་གནས་པའི་པའོ་ཏིང་ས་ཁུལ་ལ་ད་དུང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད་ཅེས་བརྗོད།
         ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་འཁུར་དགོས། ཞུང་ཨན་ཁུལ་གསར་གྱི་འབྱུང་འགྱུར་འཕེལ་རྒྱས་གཏོང་སྟངས་ཐད་གསར་གཏོད་རང་བཞིན་ལྡན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།