མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་དང་ཕིང་ལི་ཡོན་རྣམ་གཉིས་ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་སྟངས་དཔྱལ་
དང་ལྷན་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་རིག་གནས་སྤེལ་རེས་ལོའི་མཇུག་
སྒྲིལ་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་གྲོང་ཁྱེར་ལི་མར་ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་སྐུ་ཟླ་ལན་ཀེ་དང་ལྷན་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་རིག་གནས་སྤེལ་རེས་ལོའི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་སྦྲགས། “ས་ཐག་རྒྱང་ཡང་ཁྱིམ་མཚེས་ལས་ཀྱང་ལྷག —ཀྲུང་གོའི་གཅེས་ནོར་འགྲེམས་སྟོན”ལ་གཟིགས་པ་རེད།
     ཞིས་ཅིན་ཕིང་དང་ཕིང་ལི་ཡོན་རྣམ་གཉིས་ཕེ་རུའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་མིའི་རིགས་རིག་པའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་སྐབས། ཁུའུ་ཆིན་སི་ཅི་སྟངས་དཔྱལ་གྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་སྟངས་དཔྱལ་ལྷན་དུ་མཇུག་སྒྲིལ་མཛད་སྒོའི་ཚོམས་ཆེན་དུ་ཕེབས་པ་དང་། ལམ་བར་དུ་《ཤེས་དཔལ་གྱི་ཆུ་རྒྱུན་རིང་མོ — ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་གྱི་དཔེ་ལྟ་རེས་》ཀྱི་པར་རིས་འགྲེམས་སྟོན་ལ་གཟིགས་པ་དང་འབྲེལ། ཀྲུང་གོ་ཀྲུང་དབྱང་མི་རིགས་རོལ་ཆ་ཚོགས་པ་དང་ཕེ་རུ་མི་རིགས་རོལ་ཆ་རུ་ཁག་གིས་མཉམ་དཀྲོལ་བྱས་པའི་ཀྲུང་གོའི་དམངས་གཞས་《དབྱི་མོང་གི་ལ་གླུ་》དང་ཕེ་རུའི་དམངས་གཞས་《བྱ་རྒོད་བསྟོད་གླུ》་གསན་པ་རེད།
     རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཇུག་སྒྲིལ་མཛད་སྒོའི་ཐོག་ཁག་སོ་སོར་ཤིས་ཚིག་གསུངས་གནང་བ་རེད།
     ཞིས་ཅིན་ཕིང་གིས། 2014ལོའི་ཟླ་7པར་ང་ལ་ཏིང་མེ་གླིང་ལ་འཚམས་འདྲིར་ཡོང་རིང་། 2016ལོའི་ཀྲུང་གོ་དང་ལ་ཏིང་མེ་གླིང་རིག་གནས་སྤེལ་རེས་ལོ་གཉེར་རྒྱུའི་གྲོས་འགོ་བཏོན་པར། ལ་ཏིང་མེ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ཀྱི་བརྡ་ལན་ཧུར་ཐག་ཐོབ་བྱུང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་ནི་རྣམ་པར་བཀྲ་བའི་མེ་ཏོག་གི་འཛུམ་ཞལ་ཕྱོགས་གཉིས་ཀྱི་རྒྱ་ཆེ་བའི་ས་གཞི་ཆེ་མོའི་ཐོག་བཞད་པ་དང་གཉིས་སུ་མ་མཆིས་པ་དེས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་གྱི་དཔེ་ལྟ་རེས་མཐོ་ཚད་གསར་པར་སྐུལ་སྤེལ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས། ཀྲུང་གོ་དང་ལ་ཏིང་མེ་གླིང་རིག་གནས་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རིག་གནས་སྤེལ་རེས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མ་གཞི་ཀྲུང་གོ་དང་ལ་ཏིང་མེ་གླིང་མི་དམངས་བར་ས་ཐག་རིང་ཡང་སེམས་པ་ཕན་ཚུན་འབྲེལ་བ་དང་མཛའ་སེམས་ཀྱང་ཟབ་མོ་ཡོད། ཕྱོགས་གཉིས་པོར་ཡུན་རིང་གི་ལོ་རྒྱུས་དང་རྣམ་པར་བཀྲ་བའི་རིག་གནས་ཡོད་པ་མ་ཟད། ཚང་མར་ལོ་རྒྱུས་ཐོག་ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་ཕོག་མྱོང་ཡོད་ལ། སྤྱི་ཚོགས་ཟང་ཟིང་གི་དཀའ་ཚེགས་ཀྱང་འཕྲད་མྱོང་ཡོད། མིག་སྔར་ཕྱོགས་གཉིས་ཀས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་རླབས་ཆེན་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། ཐུན་མོང་གི་ཕུགས་འདུན་དང་འཚོལ་སྙེགས་ལས་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོ་དམ་པོར་སྦྲེལ་ནས་ཡོད། ང་ཚོའི་བརྗིད་ཆེའི་ཕུགས་འདུན་སྒྲུབ་པར་དཔལ་འབྱོར་འཕེལ་རྒྱས་དགོས་པ་མ་ཟད། རིག་གནས་ལའང་དར་རྒྱས་དེ་བས་དགོས། ང་ཚོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་སོགས་གཉིས་ཕན་གྱི་རྨང་གཞིའི་ཐོག མུ་མཐུད་ཀྲུང་གོ་དང་ལ་ཏིང་མེ་གླིང་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་སྟེ། ཤེས་དཔལ་ཐད་དཔེ་ལྟ་རེས་བྱ་རྒྱུ་ཀྲུང་གོ་དང་ལ་ཏིང་མེ་གླིང་མི་དམངས་དབར་གྱི་མཛའ་བཤེས་ཟབ་ཏུ་གཏོང་བའི་ཟམ་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྒུལ་ཤུགས། འཛམ་གླིང་ཞི་བདེར་སྐུལ་སྤེལ་གཏོང་བའི་སྦྲེལ་ཐག་བཅས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཁུའུ་ཆིན་སི་ཅིས། ཕེ་རུ་དང་ཀྲུང་གོ་གཉིས་ཀ་ལོ་ངོ་སྟོང་ཕྲག་གི་རིག་གནས་ལོ་རྒྱུས་ལྡན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པ་དང་། ཡུན་རིང་ནང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་ལྟ་རེས་བྱེད་མྱོང་བ་མ་ཟད། ཉེ་དུས་ཕྱོགས་གཉིས་པོའི་རིག་གནས་སྤེལ་རེས་ཐད་ཀྱི་འགྲོ་འོང་འབྲེལ་བ་དམ་ཟབ་ཏུ་ཕྱིན་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཐད་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་དེ་བས་ཡག་པ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།