མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཕེ་རུའི་རྒྱལ་ཚོགས་ཐོག་གཏམ་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕེ་རུའི་རྒྱལ་ཚོགས་ཐོག་《ཕྱར་བ་གྲུ་འདེགས་ངང་མཉམ་དུ་མདུན་སྐྱོད་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་》ཅེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གལ་ཆེན་གནང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་ཞི་བདེ་དང་འཕེལ་རྒྱས་མཉམ་ལས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་ཡག་པོ་བཏོད་དེ། ཀྲུང་གོའི་ཕུགས་འདུན་དང་ལ་ཏིང་མེ་གླིང་གི་ཕུགས་འདུན་འགྲུབ་པའི་ལམ་བུའི་ཐོག་བསམ་པ་རྣམ་དག་གིས་མཉམ་ལས་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ཕྱོགས་ཡོངས་ནས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་སྔར་བས་ཆུ་ཚད་མཐོ་བའི་ཐོག་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་50ཡི་ཐོག་ཞིས་ཅིན་ཕིང་དང་ཕེ་རུའེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའར་ཅ་ཏུའོ་རྣམ་གཉིས་ རྒྱལ་ཚོགས་ཀྱི་གྲོས་ཚོགས་ཚོམས་ཆེན་དུ་ཕེབས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། དེ་གར་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཀྲོལ་བ་རེད། ཞིས་ཅིན་ཕིང་རྒྱལ་ཚོགས་སུ་ཕེབས་པར་སའར་ཅ་ཏུའོ་ཡིས་དགའ་བསུ་ཞུས་པ་དང་འབྲེལ། ཞིས་ཅིན་ཕིང་ལ་ཕེ་རུའི་རྒྱལ་ཚོགས་ཀྱི་རིམ་པ་མཐོ་ཤོས་ཀྱི་གཟི་བརྗིད་གཟེངས་རྟགས“རྒྱ་གྲམ་མཚོན་རྟགས་འཁོད་པའི་བྱས་རྗེས་གཟེངས་རྟགས”ཕུལ་བ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཕེ་རུ་ནི་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཀྲུང་གོའི“ཁྱིམ་མཚེས”ཤིག་ཡིན་པ་དང་། ཀྲུང་གོ་དང་ཕེ་རུའི་དབར་འབྲེལ་བ་བཙུགས་ནས་ལོ་45སོང་རིང་ཕྱོགས་གཉིས་པོས་ལྷག་བསམ་རྣམ་དག་གི་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། གཉིས་ཕན་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་ཡོད། ཀྲུང་གོ་དང་ཕེ་རུ་ནི་ཕན་ཚུན་ཡིད་ཆེས་ཆོག་པའི་བུ་སྤུན་བཟང་པོ་དང་། ཐུན་མོང་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ། ཐུན་མོང་ཐོག་འགན་འཁྲི་མཉམ་འཁུར་གྱི་གྲོགས་པོ་བཟང་པོ་བཅས་ཡིན་ཞེས་གསུངས་པ་རེད།
    ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། དུས་རབས་གསར་པར་སླེབས་སྐབས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་ཡོད། ང་ཚོས་འདྲ་མཉམ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གཏན་འཁེལ་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དབར་གྱི་གཅིག་མཐུན་འདུས་གྲུབ་ཀྱི་གླེང་སྟེགས་བཙུགས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་དེ་ཁྱོན་ཡོངས་ནས་མཉམ་ལས་དང་ཕྱོགས་གཉིས་མཉམ་ལས་ལ་ཕན་ཚུན་སྐུལ་མ་གཏོང་བའི་དུས་མཚམས་གསར་པར་སླེབས་པ་དེ་ནི་དུས་རབས་ཀྱི་འགྲོས་དང་འཚམ་ལ། ཕྱོགས་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་མཐུན་པའི་ནན་བཤད་གནང་བ་སྟེ།
    གཅིག་ནས་ཞི་བདེ་དང་འཕེལ་རྒྱས་མཉམ་ལས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་མ་བཏང་སྟེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་དུས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། གསུམ་ནས་མཉམ་ལས་བྱེད་མགྱོགས་སུ་བཏང་སྟེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བྱེད་དགོས་པ། བཞི་ནས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱིས་མི་དམངས་ལ་ཕན་པ་བསྐྲུན་དགོས།
     ཞིས་ཅིན་ཕིང་གིས་མིག་སྔར་འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་ལས་གཉིས་ཕན་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་མ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཡོང་བ་བྱེད་དགོས། འདྲ་མཉམ་ངང་ལྟ་སྟངས་འཛིན་པ་དང་ཕན་ཚུན་གྲོས་བསྡུར་དང་བསམ་ཤེས་ཀྱི་རོགས་ཟླའི་འབྲེལ་བ་དང་། དྲང་པོ་དྲང་བཞག་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་འཇགས་རྣམ་པ། སྒོ་དབྱེ་གསར་གཏོད་དང་ཁོག་ཡངས་གཉིས་ཕན་གྱི་འཕེལ་རྒྱས་རྣམ་པ། གཅིག་མཐུན་ཡིན་ལ་རང་རང་གི་ཁྱད་ཆོས་ལྡན་པ་ལེགས་ཆ་ཀུན་འདུས་ཀྱི་ཤེས་དཔལ་སྤེལ་རེས། རང་བྱུང་ལ་བརྩི་བཀུར་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྣོད་བཅུད་མ་ལག་བཅས་འཛུགས་དགོས་ཞེས་གསུངས་པ་རེད།