འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ཀྲུང་གོ་དང་ཁེན་ནི་ཡའི་གློག་ཤུགས་ལས་རིགས་ཀྱི་ཐོན་ནུས་མཉམ་ལས་
    བྱ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་མ་འཇོག་དམངས་གཉེར་ཁེ་ལས་ཡིའུ་ཧྲེང་ཚོགས་པའི་ཁོངས་གཏོགས་ཀྱི་གློག་གནོན་སྒྱུར་ཆས་བཟོ་གྲྭ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་དངོས་སུ་བཙུགས་པ་རེད། དེ་ནི་ཁེན་ནི་ཡའི་རང་བརྟེན་ཐོན་སྐྱེད་ནུས་པ་ལྡན་པའི་གློག་གནོན་སྒྱུར་ཆས་བཟོ་གྲྭ་ཐོག་མ་དེ་ཡིན་པ་ལས་ཀྲུང་གོ་དང་ཁེན་ནི་ཡའི་གློག་ཤུགས་ལས་རིགས་ཀྱི་ཐོན་ནུས་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་ཕྱེ་བ་རེད།
          ཁེན་ནི་ཡའི་ནུས་རྒྱུ་པུའི་པུའུ་ཀྲང་ཧོ་ཨེན·ཁྲའར་སི·ཁའེ་ཐེའར་གྱི་ཤིས་ཚིག་ནང་ཁེན་ནི་ཡའི་“2030ལོའི་ཕུགས་འདུན་”སྐོར་གླེང་སྐབས་རྒྱལ་ཁབ་བཟོ་ལས་ཅན་དང་དེང་རབས་ཅན་ལ་འགྱུར་བ་བྱ་རྒྱུའི་འཕེལ་རྒྱས་ཀྱི་དམིགས་ཚད་བཏོན་པའི་ཁྲོད་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ནི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་རེད། བཟོ་གྲྭ་གསར་པ་སྒོ་ཕྱེ་བ་དེས་ཁེན་ནི་ཡའི་གློག་གནོན་སྒྱུར་ཆས་ནང་འདྲེན་ཁོ་ནར་བརྟེན་དགོས་པའི་རྣམ་པར་འགྱུར་ལྡོག་བྱུང་སྟེ་གློག་ཤུགས་ཀྱི་སྒྲིག་ཆས་ཁེན་ནི་ཡ་རང་ནས་བཟོ་རྒྱུ་ཐེངས་དང་པོ་མངོན་འགྱུར་བྱུང་བས་ཁེན་ནི་ཡའི་མི་དམངས་ཀྱིས་“ཁེན་ནི་ཡའི་བཟོ་སྐྲུན་”ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས།
         ཤེས་རྟོགས་བྱུང་བར་གཞིགས་ན། འདས་པའི་ལོ་40ལྷག་ཙམ་རིང་ཁེན་ནི་ཡའི་གློག་གནོན་སྒྱུར་ཆས་ཀྱི་ཐོན་ཟོག་ཚང་མ་ནང་འདྲེན་བྱེད་དགོས་པའི་ཁྲོད་70%ནི་རྒྱ་གར་ནས་ནང་འདྲེན་བྱས་པ་ཞིག་ཡིན།
          ཡིའུ་ཧྲེང་ཚོགས་པས་ངོ་སྤྲོད་བྱས་པ་ལྟར་ན། བཙུཌ་མ་ཐག་པའི་གློག་གནོན་སྒྱུར་ཆས་བཟོ་གྲྭས་ས་ཆ་དེ་རང་ལ་སྒྲིག་ཆས་བཟོས་པ་དང་ཉམས་བཟོ་བྱས་པ་ལས་སྔོན་དཔག་བྱས་ན་ལོར་ཐོན་རྫས་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་2000ནས་2500བར་ཟིན་ཏེ་ཡུལ་དེར་ལས་གནས་150ཙམ་མཁོ་འདོན་ཐུབ་རྒྱུ་དང་ཚོགས་པའི་ནང་ཡུལ་དེའི་མི་སྣ་ཞུགས་ཚད་85%ཟིན་ཡོད། བྱ་ཐབས་དེས་ཁེན་ནི་ཡ་ཡོངས་ཀྱི་གློག་ཤུགས་ཐོན་ཟོག་དང་སྒྲིག་ཆས་ཀྱི་མགོ་མཇུག་གཉིས་ཀྱི་ཐོན་ལས་འབྲེལ་ཐག་ཆགས་པ་དང་། ཞོར་ལ་ལས་ཞུགས་ལས་གནས་1000ལྷག་ཙམ་གཏོད་ཐུབ་རྒྱུ་མ་ཟད། ཁེན་ནི་ཡའི་ཁྲལ་འབབ་ཡང་མང་དུ་ཆེས་ཆེར་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།