འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་ལ་ཁྲིམས་འཛུགས་སྲུང་སྐྱོབ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་སྲུང་སྐྱོབ་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཨ་ཆེན་གངས་རྒྱབ་ལ་ཁྲིམས་འཛུགས་སྲུང་སྐྱོབ་ཐོབ་པ་མཚོན་ཡོད།
         《མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་སྲུང་སྐྱོབ་སྲོལ་ཡིག་》ནི་ལེའུ་ལྔ་རུ་དབྱེ་ཡོད་དེ། འཆར་འགོད་དང་སྲུང་སྐྱོང༌། དོ་དམ། བེད་སྤྱོད་བཅས་ཀྱི་ལས་ཀ་དང་། ཁྲིམས་ལུགས་འགན་འཁྲིའི་ཐད་ནས་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་དང་དེའི་བར་ཁུལ་གྱི་སྲུང་སྐྱོབ་ལས་ཀར་ཁྲིམས་ལུགས་ཀྱི་གཏན་འབེབས་བཟོས་ཡོད་པ་རེད། ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གིས་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་འཆར་འགོད་དང་སྲུང་སྐྱོང་། དོ་དམ། བེད་སྤྱོད་བཅས་ཀྱི་ལས་ཀར་གཅིག་གྱུར་གྱིས་འགོ་ཁྲིད་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ། ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་དོ་དམ་ལས་ཁུངས་ཀྱིས་རང་བྱུང་ཤུལ་བཞག་ཁུལ་གྱི་སྲུང་སྐྱོང་དང་དོ་དམ་ལས་ཀའི་སྒྲུབ་འགན་འཁུར་དགོས་པ་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ལས་ཀའི་ཐད་ལ་གནང་བའི་ལྟ་སྐུལ་དང་མཛུབ་ཁྲིད་དང་ལེན་བྱ་དགོས་པ་རེད།
         《སྲོལ་ཡིག་》ནང་དུ་གཏན་འབེབས་བྱས་པ་ལྟར་ན། ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་དུ་གཤམ་གྱི་སྤྱོད་ཚུལ་འདི་དག་བཀག་སྡོམ་བྱས་ཡོད་དེ། རི་གཤགས་དང་ས་སློག་རྡོ་སློག གཏེར་ཁ་སྔོག་འདོན་སོགས་ཀྱི་རང་བྱུང་མཛེས་ལྗོངས་དང་སྔོ་ཁེབས། ས་བབ་ཆགས་ཚུལ་ལ་གཏོར་བརླག་ཐེབས་པའི་བྱ་སྤྱོད་ཀྱི་རིགས། ཕྱི་ལོགས་ཀྱི་སྐྱེ་དངོས་རིགས་གཞན་ནང་འདྲེན་བྱེད་པ། རྒྱལ་ཁབ་ཀྱིས་གཙོ་གནད་ཀྱིས་སྲུང་སྐྱོབ་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་གྱིས་འཛིན་གསོད་བྱེད་པ། ས་མཚམས་ཕུར་རྟགས་དང་མཚམས་མཚོན་རྡོ་རིང་། བདེ་འཇགས་ཉེན་ཟོན་སོགས་ཀྱི་མཚོན་རྟགས་བྱང་བུ་རྣམས་གང་འདོད་ཀྱིས་སྤོ་སྒུལ་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་དུ་བཀག་སྡོམ་བྱས་ཡོད་པའི་སྤྱོད་ཚུལ་གཞན་སོགས་འདུས་ཡོད་པ་རེད། རི་གཤགས་དང་ས་སློག་རྡོ་སློག། གཏེར་ཁ་སྔོག་འདོན་སོགས་ཀྱིས་རང་བྱུང་མཛེས་ལྗོངས་དང་སྔོ་ཁེབས། ས་བབ་ཆགས་ཚུལ་ལ་གཏོར་བརླག་བཏང་ཚེ་སྔར་ཡོད་ཇི་བཞིན་དུ་སླར་གསོ་བྱེད་དུ་འཇུག་དགོས་པ་མ་ཟད་སྒོར་ཁྲི་བཅུ་ནས་ཁྲི་སུམ་བཅུའི་བར་གྱི་དངུལ་ཆད་གཅོད་དགོས་པ། གནད་དོན་ཚབས་ཆེན་ཡིན་ཚེ་སྒོར་ཁྲི་སུམ་བཅུ་ནས་ཁྲི་དྲུག་བཅུའི་བར་གྱི་དངུལ་ཆད་གཅོད་དགོས་པ། གང་འདོད་ཀྱིས་ཕྱི་ལོགས་ཀྱི་སྐྱེ་དངོས་རིགས་གཞན་ནང་འདྲེན་བྱས་ཚེ་སྒོར་ཁྲི་གསུམ་ནས་ཁྲི་ལྔའི་བར་གྱི་དངུལ་ཆད་གཅོད་དགོས་པ། ས་མཚམས་ཕུར་རྟགས་དང་མཚམས་མཚོན་རྡོ་རིང་། བདེ་འཇགས་ཉེན་ཟོན་སོགས་ཀྱི་མཚོན་རྟགས་བྱང་བུ་རྣམས་གང་འདོད་ཀྱིས་སྤོ་སྒུལ་བྱས་ཚེ་སྒོར་སྟོང་གསུམ་ནས་སྟོང་ལྔའི་བར་གྱི་དངུལ་ཆད་གཅོད་དགོས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཞིང་ཆོག་མཆན་མ་ཐོབ་པར་གང་འདོད་ཀྱིས་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་འཆར་འགོད་བསྒྱུར་བའམ་བཅོས་སྒྲིག་བྱས་ཚེ། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་དང་ཉེས་པ་ཡོ་བསྲང་བྱེད་དུ་འཇུག་རྒྱུ། གནད་དོན་ཚབས་ཆེན་ཡིན་ཚེ་ཐད་ཀར་གྱི་འགན་འཁྲི་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་ཀྱི་འགན་འཁྲི་མི་སྣ་གཞན་ཚོར་ཁྲིམས་ལྟར་ཆད་པ་གཅོད་དགོས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པའམ་འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ། ནག་ཉེས་སྒྲུབ་ཡོད་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་དགོས་པ་བཅས་རེད།
         《མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་སྲུང་སྐྱོབ་སྲོལ་ཡིག་》དེ་2016ལོའི་ཟླ་10ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།