འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ནག་ཆུ་ས་ཁུལ་ཉི་མ་རྫོང་ལུ་རྒན་གྲོང་ཚོས་རྡོ་གཤག་ར་བར་བརྟེན་ནས་དབུལ་སྒྲོལ་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཐོ་རེངས་ཆུ་ཚོད་དྲུག་པ་ཙམ་དུ་བོད་ལྗོངས་ནག་ཆུ་ས་ཁུལ་ཉི་མ་རྫོང་ཉི་མ་གྲོང་རྡལ་ལུ་རྒན་གྲོང་ཚོར་སྐད་སྒྲ་ཆེན་པོ་ཞིག་གྲགས་པ་དེ་ནི་ལུ་རྒན་གྲོང་ཚོའི་རྡོ་བཤག་ར་བར་ཨར་རྒྱག་ཐད་སྤྱོད་པའི་རྡོ་ཁྲི་261ཐོན་སྐྱེད་བྱ་རྒྱུའི་ལྡོག་མེད་ཀྱི་ལས་འགན་ཞིག་འབྱོར་ནས་ལས་འགོ་བཙུགས་པ་དེ་རེད།
         ཉི་མ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རྫོང་འདིའི་ཉི་མ་གྲོང་རྡལ་དང་། སྔོན་ཆུ་ཤང་། ཨ་ཟུར་ཤང་བཅས་ས་ཆ་གཞན་དུ་གནས་སྤོས་བྱེད་པའི་རྣམ་གྲངས་ཐད་སྤྱོད་པའི་རྡོའི་བསྡོམས་འབོར་གྱི་30%ལུ་རྒན་གྲོང་ཚོའི་རྡོ་གཤག་ར་བས་ཐོན་སྐྱེད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་འཆར་གཞི་དེར་བརྟེན་ནས་ས་གནས་འདི་གའི་མང་ཚོགས་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད། “གནས་སྤོས་དུད་ཚང་385ཙམ་གྱིས་ང་ཚོའི་རྡོ་སྤྱོད་དགོས་ཀྱི་འདུག་པས་དུད་ཚང་རེར་རྡོ་6800ལྷག་ཙམ་དགོས་ཀྱི་འདུག ང་ཚོས་རྡོ་ཐོན་སྐྱེད་བྱེད་ཚད་ཁྲི་261ཟིན་གྱི་ཡོད། སླད་ཕྱིན་ལོ་གསུམ་ནང་སྔོན་དཔག་བྱས་ན། ཆ་སྙོམས་ལོ་རེར་དུད་ཚང་དབུལ་པོ་རེར་ཡོང་འབབ་སྒོར་3000ལྷག་ཙམ་རག་བཟོ་འདུག”ཅེས་ལུ་རྒན་གྲོང་ཚོའི་རྡོ་གཤག་ར་བའི་རུ་དཔོན་བསོད་ནམས་རིན་ཆེན་དང་ཁོང་གི་ལས་རོགས་ཚོས་དགའ་སྤྲོའི་ངང་རྩིས་རྒྱག་བཞིན་དུ་བཤད། བསོད་ནམས་རིན་ཆེན་གྱི་སྐད་ཆ་ཉན་རྗེས་ཚང་མའི་ངར་ཤུགས་འཕེལ་ཏེ་ལ་ལས་རྡོ་བཤགས་པ་དང་ལ་ལས་རྡོ་དབོར་བའི་བྲེལ་ཚུབ་ཀྱི་རྣམ་པས་ཁེངས།
         ལོ་གཅིག་གོང་བསོད་ནམས་རིན་ཆེན་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ན་ནིང་ཟླ་གསུམ་པར་རྡོ་གཤག་ར་བའི་རྟེན་གཞིའི་ལེགས་ཆར་བརྟེན་ནས་ཁོ་པ་དང་ཁོ་པའི་བུ་གཉིས་ཀ་རྡོ་གཤག་ར་བའི་ལས་ཀའི་ནང་ཞུགས་ཏེ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་600ཡང་མེད་པ་ནས་ན་ནིང་ལོ་མཇུག་བར་གྱི་སྒོར་1600བར་འཕར་ཏེ་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གྱུར། དེ་དག་ཚང་མ་ཉི་མ་རྫོང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་ལས་བྱུང་ཞིང་། ཐོན་ལས་དབུལ་སྐྱོར་བྱེད་པ་ནི་ཉི་མ་རྫོང་གི་དབུལ་སྐྱོར་ལས་དོན་གྱི་གནད་སྨིན་སྲིད་ཇུས་ལག་བསྟར་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། ལུ་རྒན་གྲོང་ཚོར་དུད་ཚང་དབུལ་པོ་33དང་མི་121ཡོད་པ་དང་གྲོང་ཚོ་འདི་གའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་དམངས་ཕྱུག་པོ་ཆགས་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ཏེ་དབུལ་སྒྲོལ་བྱ་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད། 2014ལོར་རྫོང་དེས་མ་དངུལ་སྒོར་ཁྲི་2ལྷག་ཙམ་བཏང་ནས་རྡོ་གཤག་ཡོ་བྱད་ཉོས་ཏེ་རྡོ་གཤག་རྟེན་གཞིའི་དམངས་ཕྱུག་རྣམ་གྲངས་སྐྱེད་སྲིང་བྱས་ནས་ན་ནིང་ཁོ་ནར་རྡོ་གཤག་ར་བར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་རག་པ་དང་མང་ཚོགས་དབུལ་པོར་རྡོ་གཤག་ར་བའི་ཐོན་ལས་སྦྲེལ་ཐག་ལས་བྱུང་བའི་ཕན་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
         ལུ་རྒན་གྲོང་ཚོའི་རྡོ་གཤག་ར་བ་བཙུགས་པ་ནས་ད་བར་ཚེ་རིང་ནོར་བུ་དེར་ལས་ཀ་བྱེད་ཀྱི་ཡོད་པ་དང་ཧུར་བརྩོན་ཆེ་ལ་ནན་ཏན་གྱི་རྣམ་འགྱུར་ལས་ཁོང་གི་རྡོ་གཤག་ལག་རྩལ་ཉིན་རེ་བཞིན་བྱང་ཆུབ་པར་གྱུར་ནས་ཁོང་གིས་མི་12ཁྲིད་དེ་ཉིན་གཅིག་ཁོ་ནར་རྡོ་400ལྷག་ཙམ་གཤགས་ཐུབ་པས་ཚང་མས་ཁོང་རྡོ་གཤག་ར་བའི་འགན་འཁུར་བར་བདམས་པ་རེད།
         ལུ་རྒན་གྲོང་ཚོའི་རྡོ་གཤག་ར་བས་རང་བྱུང་གི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་དུད་ཚང་དབུལ་པོར་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་མ་ཟད། མང་ཚོགས་ཀྱི“སྒུག་རྟེན་སློང་གསུམ”གྱི་བསམ་བློར་ཡང་རིམ་བཞིན་འགྱུར་ལྡོག་བྱུང་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཚེ་གཞི་ནས་ཕྱུག་པོ་ཆགས་པའི“རང་བརྟེན”གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
         ལུ་རྒན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཚེ་རིང་རྣམ་རྒྱལ་གྱིས“ལས་འབོར་ཧ་ཅང་ཆེ་བས་ཉུང་མཐར་ཡང་སླད་ཕྱིན་ལོ་གསུམ་ནང་ང་ཚོ་སེམས་ཁྲལ་བྱེད་དགོས་མི་འདུག ང་ཚོས་སླད་ཕྱིན་མ་འཇོག་བྱ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་རྡོ་བཤག་ར་བའི་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་སྟེ་ཉི་མ་རྫོང་གི་དབུལ་སྐྱོར་རྣམ་གྲངས་ཁག་དང་འབྲེལ་མཐུད་བྱས་ནས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཐོག་མང་ཚོགས་དབུལ་པོ་དེ་བས་མང་བ་ཕྱུག་པོའི་ལམ་བུར་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།