འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་ཆེན་དང་ལྗོངས་བརྒལ་བའི་རིམ་མཐོའི་གཞུང་ལམ་ཐོག་མའི་སྒྱུར་བཀོད་
    ལས་གྲྭ་དེ་ཁོར་ཡུག་སྲུང་སྐྱོབ་དང་བསྟུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་ལམ་318ཀྱི་ཉིང་ཁྲི་ནས་ལྷ་སའི་བར་གྱི་གཞུང་ལམ་(གཤམ་ནས་བསྡུས་ཏེ་ཉིང་ལྷ་གཞུང་ལམ་ཞེས་འབྲི་རྒྱུ)གྱི་སྒྱུར་བཀོད་ལས་གྲྭའི་སྤེལ་ཡུལ་ནི་མཚོ་བོད་མཐོ་སྒང་ཡིན་པས་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཞན་ལ། བོད་ལྗོངས་ཀྱི་ཞིང་ཆེན་དང་ལྗོངས་བརྒལ་བའི་རིམ་མཐོའི་གཞུང་ལམ་ཐོག་མའི་གལ་ཆེའི་གྲུབ་ཆ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏུ་གཏན་འབེབས་བྱས་པའི་འཕེལ་རྒྱས་ཀྱི་རྣམ་གྲངས་གཙོ་ཆེ་ཡིན་པའི་ཆ་ནས། ལས་གྲྭ་སྤེལ་འགོ་ཚུགས་པ་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོའི་གནས་ཚུལ་ལ་ཕྱོགས་སོ་སོས་ཐུགས་ཁུར་བྱེད་ཀྱིན་ཡོད།
         མིག་སྔར། ཉིང་ཁྲི་དང་ལྷ་སའི་མཚམས་གཉིས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་དེ་2015ལོར་ལེགས་གྲུབ་བྱུང་ནས་བེད་སྤྱོད་བྱེད་འགོ་བརྩམས་ཤིང་། ཨར་ལས་ཀྱི་མ་དངུལ་སྔར་ལས་མཐོ་ཞིང་དཀའ་ཚད་སྔར་ལས་ཆེ་བའི་ལམ་མཚམས་བཞི་ཡི་དུས་ཐེངས་གཉིས་པའི་ལས་གྲྭ་དེ་ད་རུང་བཟོ་སྐྲུན་བྱེད་བཞིན་ཡོད་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། 2018ལོར་གཞུང་ལམ་ཡོངས་ཀྱི་བཟོ་སྐྲུན་ལེགས་གྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 
         ཉིང་ལྷ་གཞུང་ལམ་གྱི་མི་ལྷ་རི་བོ་ནས་མལ་གྲོ་གུང་དཀར་ལམ་མཚམས་ཀྱི་བཀོད་འདོམས་པུའུ་ཡི་བཟོ་འགོད་པ་གཞོན་པ་རེན་ཝེ་ཡིས་ཚེས་23ཉིན་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་སུ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་བྱེད་པ་དང་གནོད་སྐྱོན་ཐེབས་ཉུང་བའི་གནས་ཚུལ་འོག་ཏུ་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་དང་དུས་ཐོག་ཏུ་ལས་གྲྭ་མཇུག་འགྲིལ་བར་བྱ་རྒྱུ་ནི་ལས་གྲྭ་འདིའི་གཙོ་གནད་དང་དཀའ་གནད་ཡིན་ཞེས་བཤད་པ་རེད།
         ཟླ་9བར། བོད་རང་སྐྱོང་ལྗོངས་ཀྱི་དཔོན་མི་འགའ་ཡིས་བསྟུད་མར་ཉིང་ལྷ་གཞུང་ལམ་ལ་གཟིགས་ཞིབ་གནང་བ་དང་། ཚང་མས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ལ་བླང་བྱ་བཏོན་པ་རེད།
         ཟླ་9ཚེས་7ཉིན། ལས་གནས་གསར་པའི་འགན་བཞེས་ཏེ་ཟླ་ཕྱེད་འགོར་མེད་པའི་བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བར་ལའི་ཕུག་ལམ་གྱི་ལས་ཡུལ་དངོས་སུ་ཕེབས་ནས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་པ། ལས་གྲྭའི་འཛུགས་སྐྲུན་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་པོ་ལག་བསྟར་བྱེད་པ། སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གྲྭ་ཤུགས་ཆེས་ངང་ལག་བསྟར་བྱེད་པ། གངས་ལྗོངས་མཐོ་སྒང་གི་རི་ཆུ་དང་རྩི་ཤིང་ཡོད་ཚད་ལ་སྲུང་སྐྱོབ་ཏན་རིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་9ཚེས་13ཉིན། ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཞིབ་བཤེར་ཚོགས་ཆུང་གི་སྣེ་འཁྲིད་དེ་མི་ལྷ་རི་བོ་ནས་མལ་གྲོ་གུང་དཀར་ལམ་མཚམས་ཀྱི་ས་ལེན་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཨར་ལས་ཁྲོད་ཀྱི་ས་ལེན་པ་ནི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཆེ་བའི་ལས་རིམ་ཞིག་ཡིན་པ་དང་། པད་མ་འཕྲིན་ལས་ཀྱིས་བསམ་པར། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཞན་ལ་སྔོ་ཁེབས་སླར་གསོ་བྱེད་པའི་ནུས་པ་ཡང་ཞན་པས། ས་ལེན་ཡུལ་དུ་ས་ལེན་པར་ངེས་པར་དུ་ཁོར་ཡུག་དཔྱད་བསྡུར་སྙན་ཞུ་དང་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བརྒྱུད་རྗེས་ད་གཟོད་ལས་འགོ་རྩོམ་དགོས་པ་མ་ཟད། ད་རུང་རྗེས་མཐུད་ཀྱི་ཁོར་ཡུག་སྲུང་སྐྱོང་སླར་གསོའི་ཇུས་གཞི་ཡག་པོ་ཡང་བཟོ་དགོས་པ་རེད།
         ཡོངས་བསྒྲགས་བྱས་པའི་དཔྱད་གཞིའི་ཡིག་ཆ་ལས་མངོན་པར་གཞིགས་ན། ཉིང་ལྷ་གཞུང་ལམ་ནི་《རྒྱལ་ཁབ་གཞུང་ལམ་དྲ་རྒྱའི་འཆར་འགོད་(2013ལོ་ནས་2030ལོའི་བར)》ཁྲོད་ཀྱི་ཁྲོན་བོད་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་ཡིན་ལ། ལམ་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ་398ཡོད་ཅིང་འགྲོ་གྲོན་སྒོར་དུང་ཕྱུར་329ཡིན་པ་རེད། བཟོ་སྐྲུན་ལེགས་གྲུབ་བྱུང་རྗེས། ས་གནས་གཉིས་བར་གྱི་འགྲོ་འོང་གི་དུས་ཡུན་ནི་ཕྱེད་ཀ་ཙམ་ཇེ་ཐུང་དུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།