འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཕོ་གཞོན་བློ་བཟང་འཇིགས་མེད་ཀྱི་ཉིན་གཅིག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གཟའ་སྤེན་པའི་ཞོགས་པའི་ཆར་སིམ་དེས་བོད་རིགས་ཕོ་གཞོན་བློ་བཟང་འཇིགས་མེད་གཉིད་སྐྱིད་པོ་ཞིག་ཁུག་ཏུ་བཅུག་མེད།
         ཆུ་ཚོད་བརྒྱད་པར། སྔ་ས་ནས་སླེབས་པའི་སྐུ་མགྲོན་ཞིག་གིས་ཁོང་གི་གཉིད་སྐྱིད་པོ་དེ་དཀྲོགས། བློ་བཟང་འཇིགས་མེད་ཀྱི་ངོས་ནས་བཤད་ན། དེ་གནས་ཚུལ་གསར་པ་གང་ཡང་མིན་ཏེ། ལོ་ན་28ལ་སླེབས་པའི་ཁོང་གིས་ཁྱིམ་ཚང་མགྲོན་ཁང་དེ་གཉེར་སྐྱོང་ལོ་10ཏག་ཏག་བྱས།
         2006ལོར་ལས་འགོ་བཙུགས་པའི་སྒྲོལ་མ་ལགས་ཁྱིམ་ཚང་མགྲོན་ཁང་དེ་སྐྱིད་རས་སྲང་ལམ་གཉིས་པར་གནས་པ་དང་། ཁང་མིག་13ཡོད་ཅིང་། རྐང་ཐང་མར་སྐར་མ་གཉིས་གསུམ་ཙམ་བསྐྱོད་ཚེ་ལྷ་སའི་འཁྲུག་ཆ་དོད་པའི་ཁྲོམ་གཞུང་དང་། གཙུག་ལག་ཁང་། ཁྲོམ་གཟིགས་ཁང་བཅས་སུ་སླེབས། འདི་ནི་ལྷ་སའི་སྔ་ཤོས་ཀྱི་བོད་བཟོའི་ཁྱད་ཆོས་གཙང་མ་ལྡན་པའི་མགྲོན་ཁང་ཡིན་པ་དེའི་ཕྱིའི་གྱང་གི་ཚོན་མདོག་དང་འཁྲིས་ཀྱི་གྲགས་ཅན་ཟ་ཁང“ཁང་པ་སེར་པོ”འདྲ་ཙམ་ཡོད། སྐུ་མགྲོན་འགའ་ཞིག་གི་ལམ་ནོར་ཤོར་ནས་དེ་གར་འབྱོར་རྗེས་སྤུས་ཀ་དག་ལ་མཛེས་ཆ་དོད་པའི་བོད་བཟོའི་མཛེས་བཟོའི་ཁྱད་ཆོས་ཀྱིས་ཡིད་དབང་ཡོངས་སུ་བཀུག
         ཆུ་ཚོད་དགུ་པར། བློ་བཟང་འཇིགས་མེད་ཀྱིས་འོག་ཐོག་གི་ཟ་ཁང་དུ་ཞོགས་ཟས་སྟབས་བདེ་བཟས་པ་དེ་ཁོང་རང་གིས་དགའ་པོ་བྱེད་པའི་རྩམ་པ་ཡིན་པ་རེད། 1982ལོར་ཕ་རྒན་སྤེན་པ་ཆུ་ཤུར་ནས་ལྷ་སར་ཡོང་འབབ་གསོག་པར་ཡོང་དུས་བློ་བཟང་འཇིགས་མེད་སྐྱེས་པ་དང་ཁོང་ཕྲུ་གུའི་དཀྱིལ་གྱི་རྒན་འགོ་ཡིན་པས། མཐོ་འབྲིང་ཐོན་རྗེས་སློབ་གྲྭ་ཆེ་མོར་བསྐྱོད་མེད་པར། ཕ་རྒན་ལ་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་རོགས་བྱས་ནས་བསྡད། གཅུང་པོ་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་ཐོན་རྗེས་གཞིས་རྩེར་ལས་བགོས་འཁེལ་བ་དང་། གཅུང་མོ་པེ་ཅིང་གསོ་རིག་སློབ་གྲྭ་ཆེ་མོའི་ཀྲུང་ལུགས་གསོ་རིག་གི་ལོ་རིམ་གསུམ་པའི་སློབ་མ་ཡིན་པ་རེད།
         ཆུ་ཚོད་བཅུ་པར། སྐུ་མགྲོན་ཚོ་གཅིག་རྗེས་གཉིས་མཐུད་ངང་ཞོགས་ཟས་ཟ་བར་སླེབས། རྒྱལ་ཁབ་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཟ་ཁང་དེ“མཉམ་འབྲེལ་རྒྱལ་ཚོགས་ཆུང་ཆུང”ཞིག་ཏུ་འགྱུར། ཟླ་5ཚེས་11ཉིན་ནི་བོད་ཀྱི་ཡུལ་སྐོར་གྱི་རྫོགས་ལྡན་དུས་ཚིགས་ཡིན་པས། མདང་ནུབ་ཚོང་ཡག་པོ་བྱུང་ནས་ཁང་མིག་13ནས་10ལ་སྡོད་མཁན་ཡོད་པ་ལས་9ཡི་ནང་ཕྱི་རྒྱལ་གྱི་སྐུ་མགྲོན་ཡིན་པ་རེད། ཡུན་རིང་ཕྱི་རྒྱལ་སྐུ་མགྲོན་ལ་སྣེ་ལེན་ཞུས་པ་ལས་བློ་བཟང་འཇིགས་མེད་ཀྱི་དབྱིན་སྐད་ཆུ་ཚད་ཡག་ཏུ་མགྱོགས་པོ་ཕྱིན་པ་མ་ཟད། ཕྱི་རྒྱལ་སྐུ་མགྲོན་གྱི་ཁྱད་ཆོས་ཀྱང་མང་པོ་ཤེས་རྟོགས་ཐུབ། ཁོང་གིས། རྒྱལ་ནང་གི་ཡུལ་སྐོར་བས་ཁོང་གི་མགྲོན་ཁང་དུ་ཞག་མོ་གཅིག་བསྡད་ནས་མྱོང་རོལ་བྱེད་པ་ཙམ་ཡིན་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཞག་མོ་4ཙམ་བསྡད་ནས་གོང་གི་ཞག་མོ་3རིང་ས་མཐོའི་གནམ་གཤིས་འཕྲོས་ཐབས་བྱེད་པ་དང་གནམ་གྲུར་བསྡད་ནས་ལྷ་ས་ནས་མ་ཐོན་གོང་ཞག་མོ་གཅིག་སྡོད་ཀྱི་འདུག་ཅེས་བཤད།
         ན་ནིང་ས་ཡོམ་གྱིས་རྐྱེན་པས་ཇོ་རིའི་ཡུལ་སྐོར་རྣམ་གྲངས་མེད་པ་བཟོས་པས། མགྲོན་ཁང་གི་ཚོང་ཞན་ཙམ་ཡོད། ནམ་རྒྱུན་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ལྷ་ས་ཕུད་པའི་བསྐྱོད་མང་ཤོས་ནི་ཇོ་རི་ཡིན་པ་རེད། ཟླ་4པ་ཚུན། བློ་བཟང་འཇིགས་མེད་ལ་འདི་ལོ་ཡོ་རོབ་དང་ཨ་རིའི་ཡུལ་སྐོར་བ་སླར་གསོ་ཡོང་བའི་ཚོར་སྣང་བྱུང་ལ། ཨེ་ཤེ་ཡ་ཤར་ལྷོའི་ཡུལ་སྐོར་བ་གསར་པ་འགའ་ཞིག་ཡོད་པ་ཤེས་རྟོགས་བྱུང་། ཁོང་གིས་ད་དུང་ཡང་ཕྱི་རྒྱལ་གྱི་སྐད་རིགས་གཅིག་སྦྱོང་རྒྱུའི་བསམ་བློ་བཏང་བ་དང་དེ་ལྟར་བྱུང་ན། ཕྱི་རྒྱལ་གྱི་ཡུལ་སྐོར་བར་འདྲིས་བདེ་གཤིབ་བདེའི་སྣང་བ་ཡོང་ཐུབ་པས་སོ།
         དེང་གི་ལྷ་སར་བོད་བཟོའི་ཁྱད་ཆོས་ཀྱི་མགྲོན་ཁང་དང་ཨར་ཁང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། བློ་བཟང་འཇིགས་མེད་ཀྱི་མགྲོན་ཁང་གཉིས་ཀྱི་འཁྲིས་དེ་རང་དུ་འགྲན་རྩོད་ཀྱི་ཁ་གཏད་ཡོད་པ་དེའི་རྒྱ་ཁྱོན་ཡང་ཆེ་ཙམ་ཡོད་པས། སྐབས་རེ་སྐུ་མགྲོན་ཁེངས་དུས་སྐད་འཕྲིན་བསྐུར་ནས་བློ་བཟང་འཇིགས་མེད་ལ“ངར་ཤ”སློང་གི་ཡོད་པ་རེད། བློ་བཟང་འཇིགས་མེད་ཀྱིས། ངས་རིན་གོང་སྤར་བཅག་མི་བྱེད་པར་སྐྱོན་བྲལ་གྱི་འགྲན་རྩོད་ལ་མོས་པོ་བྱེད་ཡོད་པས། དེ་ནས་ཤེས་བྱ་མང་པོ་ཤེས་ཀྱི་འདུག ངས་བརྡ་ཁྱབ་མི་བཏང་ཡང་སྐུ་མགྲོན་ཚང་མ་གཅིག་ལ་གཅིག་བརྒྱུད་བྱས་ནས་ཤེས་རྟོགས་བྱུང་བ་ཤ་སྟག་རེད་ཅེས་བཤད།
         དགོང་མོའི་ཆུ་ཚོད་བཅུ་པའི་གཡས་གཡོན་དུ། སྐུ་མགྲོན་རྣམས་རིམ་གྱིས་ཕྱིར་ལོག་སླེབས་པས། བློ་བཟང་འཇིགས་མེད་ཀྱིས་ཁོང་ཚོ་དང་ཡུལ་སྐོར་གྱི་མྱོང་ཚོར་དང་ལམ་བར་གྱི་མྱོང་སྣང་གླེང་རེས་བྱེད་པ་དེ་ཡང་གྲོགས་པོ་སྒྲིག་པའི་དུས་ཚོད་ཡག་ཤོས་ཡིན་པ་རེད།
          དགོང་མོའི་ཆུ་ཚོད་བཅུ་གཉིས་ཙམ་དུ། མི་ཧྲེང་ཡིན་པའི་བློ་བཟང་འཇིགས་མེད་ངོས་ན་བརྗོད་ན་ཁུ་སིམ་པའི་ཉིན་ཞིག་ཡིན་ཞིང་། སྒོ་འགྲམ་གྱི་མཎི་འཁོར་ལོ་དྲུག་པོ་དེ་དག་ཀྱང་ཁུ་སིམ་པོར་གནས། འཇིགས་མེད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཁོང་གི་ཤམ་བྷ་ལ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཝུའེ་དང་ཐང་དབྱང་གིས།༽
      

    ཕྱོགས་བསྡུས་གསར་འགྱུར།