འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་གྱི"འབུ་སྐྲན"འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་དུས་
    མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཐུམ་འབུའི་ནད་ལ་འགོས་ཤུགས་ཆེན་པོ་དང་། དབང་པོ་སྐྱོན་ཅན་དུ་འགྱུར་ཤུགས་ཆེན་པོ། ཤི་ཚད་མཐོ་པོ་བཅས་ཡོད་པར་བརྟེན“འབུ་སྐྲན”ཞེས་བརྗོད་ཀྱི་ཡོད། དེ་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་རེད། རང་རྒྱལ་གྱི་ནང་སོག་དང་། སི་ཁྲོན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་སོགས་ནུབ་རྒྱུད་འབྲོག་ཁུལ་དང་ས་མ་འབྲོག་ཁུལ་དུ་ཐོན་ཆེ་ཙམ་ཡོད་པ་རེད།
         ཐུམ་འབུའི་ནད་དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི“དཔལ་འབྱོར་ཁུར་པོ་ལྕི་ཤོས”ཀྱི་ནད་རིགས་ཤིག་ཡིན་པའི་ངོས་འཛིན་གྱི་ཡོད། གཙོ་བོ་གཅིན་སྐྱག་དང་། ལྕི་བ། ཁ་བཅས་བརྒྱུད་འགོ་བའི་ནད་གཞི་དེ་ཕོག་ཚེ་དབུལ་པོར་གྱུར་ཚད་དང་བསྐྱར་དུ་དབུལ་པོར་གྱུར་ཚད་མཐོ་པོ་ཡོད་པ་རེད།
         སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ས་ཁུལ་དྲུག་གི་སྦྲེལ་མཚམས་སུ་ཆགས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་ལྷག་པར་དུ་སེར་ཤུལ་རྫོང་ནི་དུས་ཡུན་རིང་པོའི་ནང་ཐུམ་འབུའི་ནད་ཕོག་ཚབས་ཆེ་བའི་ས་ཁུལ་ཞིག་རེད། དཀར་མཛེས་བོད་རིགས་ས་ཁུལ་གྱི་འབྲོག་ཁུལ་དང་ས་མ་འབྲོག་ཁུལ་དུའང་སྐབས་ཤིག་རིང་ཐུམ་འབུའི་ནད་ཕོག་མཁན་མང་པོ་བྱུང་ཡོད་པ་རེད།
         ན་ནིང་ཀྲུང་དབྱང་འགོ་ཁྲིད་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་པ། ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཚང་མས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་གཞུང་ལས་ཁང་བཙུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སེར་ཤུལ་རྫོང་གིས་སྒོ་ཁྱི་བྱང་འགེལ་དོ་དམ་ལམ་ལུགས་རིམ་བཞིན་འཚོལ་ཞིབ་བྱས་ནས་བཟོས་པ་དང་། ནད་འགོས་སྒོ་ཁྱི་བཟུང་གསོད་དང་གནོད་མེད་ཅན་དུ་སྒྱུར་བའི་ལས་དོན་སྤེལ་བ། སྒོ་ཁྱིར་དུས་བཀག་བཞིན་འབུ་སྨན་བསྟེར་བ་མ་ཟད། ད་དུང་ཉམས་མྱོང་དེ་དཀར་མཛེས་ཀྲོའུ་ཡོངས་སུ་ཁྱབ་གདལ་བཏང་ཡོད། དཀར་མཛེས་ཀྲོའུ་ཡོངས་སུ་འཐེན་བཤེར་སྨན་བཅོས་དང་། བདེ་ཐང་སློབ་གསོ། སྒོ་ཁྱི་དོ་དམ། ཕྱུགས་རིགས་བར་ལ་སྔོན་འགོག་ཚོད་འཛིན། རྩྭ་ཐང་ཐོག་གི་ཙི་ཙི་རྩ་མེད་གཏོང་བ། བདེ་འཇགས་འཐུང་ཆུའི་རྣམ་གྲངས། ཕྱོགས་བསྡུས་འགོག་བཅོས་རྣམ་གྲངས་གཞན་དག་སོགས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་བྱེད་ཐབས་དྲུག་ལག་བསྟར་བྱས་ཡོད་པ་རེད།
         སི་ཁྲོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་དང་འབྲེལ་བ་ཡོད་པའི་ཞིང་ཆེན་རིམ་པའི་སྡེ་ཚན་14དང་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་བ་དང་འབྲེལ་ལས་དོན་དམིགས་ཚད་དང་ཞིབ་དཔྱད་ཚད་གཞི་ཡང་གཏན་འཁེལ་བྱས་ཡོད་པ་རེད། དུས་མཚུངས་སུ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་ཀྱང་བཟོས་ཡོད་པ་དཔེར་ན། 《དཀར་མཛེས་ཀྲོའུ་ཡི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་ཐབས་》ཞེས་པའི་ནང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུ་དེ་དམིགས་ཚད་དོ་དམ་བྱེད་ཁོངས་སུ་བཅུག་ཡོད་ལ་རྫོང་དང་ཤང་གི་ལས་བྱེད་པའི་གླ་ཕོགས་དང་དམིགས་ཚད་ལས་རྗེས་དང་འབྲེལ་བའང་བྱས་ཡོད་པ་རེད། ན་ནིང་དཀར་མཛེས་ཀྲོའུ་ཡིས་2017ལོར་སླེབས་སྐབས་ཀྲོའུ་ཡོངས་སུ་ཐུམ་འབུའི་ནད་བཀག་འགོག་ནུས་ལྡན་ཐུབ་པར་བྱ་རྒྱུ་དང་2020ལོར་སླེབས་སྐབས་ཐུམ་འབུའི་ནད་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་པར་བྱ་རྒྱུའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་དང་ཕུགས་ཡུན་དམིགས་ཚད་གཏན་འཁེལ་བྱས་ཡོད་པ་རེད།
         འདི་ལོའི་ཟླ་བཞི་པའི་ཟླ་དཀྱིལ་དུ་ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གིས་སི་ཁྲོན་དཀར་མཛེས་སུ་བརྟག་ཞིབ་བྱས་པའི་གནས་ཚུལ་ལ་གཞིགས་ན། སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ཅིང་། མིག་སྔར་སེར་ཤུལ་རྫོང་གི་བདེ་ཐང་སློབ་གསོ་དང་འཕྲོད་བསྟེན་དྲིལ་བསྒྲགས་ཁྱབ་ཚད་95%ཟིན་པ་དང་། རེས་སྐོར་གཉིས་ཀྱི་གཅིག་སྡུད་འཐེན་བཤེར་ལས་དོན་ལེགས་པར་བསྒྲུབས་པ། མི་ཚོགས་ཁྲོད་ནས་འཐེན་བཤེར་བྱེད་ཚད་62.8%ཟིན་ཡོད་པ་རེད།
         མིག་སྔར་ཐུམ་འབུའི་ནད་དེ་ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་སྒྱུར་རྣམ་གྲངས་ནང་བཅུག་ཡོད། 2016ལོར་འགོག་བཅོས་ལས་དོན་སྤེལ་བའི་གྲོན་དངུལ་སྒོར་དུང་ཕྱུར་2.33ཡང་རྩ་བའི་ཆ་ནས་དོན་འཁྱོལ་བྱུང་ཡོད་པ་རེད།
          སི་ཁྲོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་ཀྱི་ཆེད་སྤྱོད་སྐྱོབ་རོགས་ཁ་གསབ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་(སྨན་བཅོས་འགན་བཅོལ)ཡི་ཁ་གསབ། ནད་ཆེན་འགན་བཅོལ་ཁ་གསབ། སྨན་བཅོས་སྐྱོབ་རོགས་ཁ་གསབ་སོགས་སྲིད་ཇུས་ལག་ལེན་བསྟར་ཏེ་ནད་པའི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་གང་ཐུབ་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཐུམ་འབུའི་ནད་ཕོག་མཁན་མི་རེར་སྨན་བཅོས་ཁ་གསབ་སྤྲོད་ཚད་ནི་སྒོར་ཁྲི་2.5ཡིན་པ་དང་ཆ་རྐྱེན་དང་མཐུན་པའི་དབུལ་ཞིང་ཕོངས་པའི་ཐུམ་འབུའི་ནད་ཕོག་མཁན་རྣམས་གནད་སྨིན་དབུལ་སྐྱོར་དང་། སྤྱི་ཚོགས་རོགས་སྐྱོབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བཅས་ཀྱི་ཁྱབ་ཁོངས་སུ་བཅུག་ནས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་གྱུར་པའི་རྐྱེན་དེ་ནུས་ཤུགས་ཡོད་རྒུས་སེལ་ཐབས་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།