འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མ་དངུལ་གཏོང་མཁན་ཁེ་ལས་ཀྱིས་པར་ཙིར་གྱི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་མདུན་
    ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔའི་པར་ཙིར་ལ་དཔལ་འབྱོར་ཉམས་གུད་དང་། ནོར་སྲིད་ཉམས་ཞན། ལས་ཤོར་ཇེ་མང་དུ་འགྲོ་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་མོད། རིགས་གཅིག་མཁས་ཅན་འགའ་ཞིག་གིས་2018ལོར་སླེབས་སྐབས་པར་ཙིར་གྱི་དཔལ་འབྱོར་གཞི་ནས་སླར་གསོ་དང་འཕར་ཐུབ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད། འོན་ཀྱང་ཀྲུང་གོའི་ཁེ་ལས་ཀྱིས་སྔར་བཞིན་པར་ཙིར་གྱི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་གཏིང་ཤུགས་ལ་ལྟ་སྟངས་ཡག་པོ་འཛིན་པ་མ་ཟད། ད་དུང་ཀྲུང་པར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་བྱེད་རེས་བྱེད་པའི་མདུན་ལམ་ལ་སྔར་བཞིན་རེ་བ་བྱེད་འོས་པའི་ངོས་འཛིན་བྱེད་ཀྱི་འདུག
         ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ཕྱི་རྒྱལ་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཁྲེན་ཀྲུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་ཆར་ལ་ཏིང་ཨ་གླིང་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་འགོར་དུ་ཕྱིན་ཡོད་མོད། འོན་ཀྱང་ས་ཆ་དེ་ག་དང་ལྷག་དོན་དུ་ལ་ཏིང་ཨ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཨང་དང་པོ་ཡིན་པའི་པར་ཙིར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་ཆག་མེད་ཅེས་བརྗོད་ཀྱི་འདུག
         ཁྲེན་ཀྲུང་གིས་པར་ཙིར་ལ་མི་འབོར་མང་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། ཞིང་ལས་དང་གཏེར་ལས་དར་རྒྱས་ཆེ་བས་གྲུ་ཁ་དང་། ལྕགས་ལམ། གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་འབྱུང་འགྱུར་ས་ཁུལ་དེ་གར་རྒྱུན་བསྲིང་འཕེལ་རྒྱས་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཉེ་ཆར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་པར་ཙིར་གྱི་ཧྲེང་པའོ་ལོ་རུ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ལྷོ་རྒྱུད་ཨ་་གླིང་ས་ཁོངས་ཀུང་སི་ཞིག་བཙུགས་ཡོད། སྔོན་དཔག་ལྟར་ན་འབྱུང་འགྱུར་གྱི་ལོ་འགའི་ནང་ཀུང་སིས་ལ་ཏིང་ཨ་གླིང་ས་ཁུལ་ལ་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་20ཟིན་རྒྱུ་རེད་ཅེས་བརྗོད་ཀྱི་འདུག
         འགག་གསུམ་ཚོགས་པ་པར་ཙིར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་དབྱིན་ཧྲེང་གིས་དངུལ་སྨར་འཁོར་རྒྱུག་བྱེད་ཚད་མཐོ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་འཇོན་ཐང་ཆེ་བའི་ཁར། ཐུན་མོང་མ་ཡིན་པའི་ཆུ་གློག་ཆེན་པོའི་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་འགག་གསུམ་ཚོགས་པར་ན་ནིང་ལོ་མཇུག་ཏུ་པར་ཙིར་གྱི་ཀྲུའུ་པི་ཡ་དང་དབྱི་ལེ་ཡ་ཆུ་ཤུགས་གློག་ཁང་གཉིས་ཀྱི་ལོ་30ཡི་དམིགས་བསལ་གཉེར་སྐྱོང་དབང་ཆའི་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་འོས་ཐོན་བྱུང་ཡོད། དེ་ནི་ད་བར་གྱི་འགག་གསུམ་ཚོགས་པའི་ཕྱི་རྒྱལ་གྱི་མཉམ་ཉོ་རྣམ་གྲངས་ཆེ་ཤོས་དེ་རེད་ཅེས་བརྗོད་ཀྱི་འདུག
          ལི་དབྱིན་ཧྲེང་གིས་ཆབ་སྲིད་དཔལ་འབྱོར་དུས་བབ་ཀྱི་ཤུགས་རྐྱེན་ཕོག་ནས་པར་ཙིར་ཉེ་དུས་ཀྱི་གློག་ཤུགས་དགོས་མཁོ་ཆག་མོད། འོན་ཀྱང་ཀུང་སིས་པར་ཙིར་ལ་རྒྱུན་སྲིང་མ་དངུལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཐབས་ཇུས་ལ་འགྱུར་ལྡོག་ཕྱིན་མེད་པར། སྔར་བཞིན་པར་ཙིར་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་བརྗོད་ཀྱི་འདུག
          ཧྲེང་པའོ་ལོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁྲེན་ཤིས་ཀྱིས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་ཟབ་པས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་དབར་གྱི་ཉོ་ཚོང་མ་དངུལ་ཟམ་མི་ཆད་པར་འཕར་ཡོད། 2015ལོར་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་དབར་གྱི་ཉོ་ཚོང་དངུལ་གྲངས་ཆག་ཡོད་མོད། འོན་ཀྱང་གཙོ་བོ་རྒྱལ་སྤྱིའི་ཚོང་ཟོག་སྤོབས་ཆེ་བའི་རིན་གོང་ཆག་པ་ལས་བྱུང་བ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་བྱེད་ཚད་ཉུང་དུ་ཕྱིན་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཉེ་ཆར་ལོ་ཕྱེད་ཙམ་ཡང་མ་སོང་བའི་དུས་ཡུན་ནང་ཀྲུང་གོས་པར་ཙིར་དུ་མ་འཇོག་མཉམ་ཉོ་བྱས་པའི་རྣམ་གྲངས་ལ་ལུའེ་ཡར་དུང་ཕྱུར་200(ཨ་སྒོར་དུང་ཕྱུར་57ཙམ་ཟིན་པ)ལྷག་ཙམ་ཟིན་ཡོད། དཔེར་ན་ན་ནིང་ལོ་མཇུག་ཏུ་ཀྲུང་གོ་མཚོ་འགྲུལ་སྐྱེལ་འདྲེན་ཚོགས་པས་ཨ་སྒོར་དུང་ཕྱུར་4.5བཏང་ནས་པར་ཙིར་གྱི་མཁའ་འགྲུལ་ཀུང་སི་ཆེ་ཤོས་ཨང་གསུམ་པ་སྔོ་མདོག་མཁའ་འགྲུལ་གྱི་རྐང་དབང་24%ཙམ་ཉོས་ནས་ཁེར་རྐྱང་གི་མ་རྐང་འཇོག་མཁན་ཆེ་ཤོས་སུ་གྱུར་ཡོད། ཁྲེན་ཤིས་ཀྱིས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་དང་། འཕྲུལ་ཆས་བཟོ་སྐྲུན། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཀྲུང་གོའི་ཀུང་སིས་ལེགས་སྐྱེས་སྔར་བས་འབུལ་རྒྱུའི་ཡིད་ཆེས་བྱེད་ཀྱི་འདུག ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཀྲེང་རུན་དང་ཞུན་ཝེས།༽
      

    ཕྱོགས་བསྡུས་གསར་འགྱུར།