འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དཔེ་དེབ་ལྟ་ཀློག་སྣང་བ་སྐྱིད་པའི་བྱ་བ་ཞིག་ཏུ་འགྱུར་བ་བྱེད་དགོས།

    ཏེན་མག་དཔེ་མཛོད་ཁང་ལ་ཐབས་ཤེས་བཟང་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “དཔེ་མཛོད་ཁང་གིས་དཔེ་དེབ་ལྟ་ཀློག་སྣང་བ་སྐྱིད་པའི་བྱ་བ་ཞིག་ཏུ་ཇི་ལྟར་འགྱུར་རྒྱུར་བསམ་བློ་གཏོང་དགོས”ཞེས་ཏེན་མག་དཔེ་མཛོད་ཁང་གི་དོ་དམ་པ་ལི་སི་པའེ་ཐེ་·ཝི་སི་ཐེ་ཀའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
         བྱིས་སྒྲུང་གི་གྲགས་ཅན་རྩོམ་པ་པོ་ཨན་ཐུའུ་ཧྲེང་གི་ཕ་ཡུལ་ཏེན་མག་ཏུ། སྲིད་གཞུང་དང་སྡེ་ཁུལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་མཉམ་ལས་བྱས་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་དཔེ་དེབ་ལྟ་ཀློག་གི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཕྲུ་གུ་ཚོ་མཐའ་ཡས་ཤེས་བྱའི་རྒྱ་མཚོར་རྐྱལ་རྩལ་སྦྱོང་དུ་བཅུག
         སྤྱི་ཚོགས་ཧྲིལ་པོའི་དཔེ་ཀློག་རྣམ་པར་སྐུལ་འདེད་བཏང་ནས་ཕྲུ་གུ་དེ་བས་མང་བ་དཔེ་དེབ་ཀློག་ལ་དགའ་པོ་བྱ་ཆེད། ཏེན་མག་གི་དཔེ་མཛོད་ཁང་གིས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་ཡོད།
         ན་ནིང་། ཏེན་མག་རི་ཏེ་ལན་ཕྱེད་གླིང་སྡེ་ཁུལ་གྱི་དཔེ་མཛོད་ཁང་ཞིག་གིས་དཔེ་ཀློག་རྒྱང་རྒྱུག་འགྲན་བསྡུར་ཞེས་པའི་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་ལོ་བཅུའི་གཡས་གཡོན་གྱི་ཕྲུ་གུ་20དཔེ་མཛོད་ཁང་དུ་ཆུ་ཚོད་24ཡི་རིང་ངལ་གསོ་མེད་པའི་དཔེ་དེབ་ལྟ་ཀློག་སྒྲིག་འཛུགས་བྱས་ཤིང་། དེའི་རིང་ཕྲུ་གུ་ཚོས་དཔེ་མཛོད་ཁང་དུ་ཞག་སྡོད་བྱ་ཆོག་གི་ཡོད།
         “‘དཔེ་ཀློག་རྒྱང་རྒྱུག་འགྲན་བསྡུར’ལ་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེས་མ་ཚད་དཔེ་མཛོད་ཁང་དུ་ཞག་སྡོད་བྱེད་པ་དེའང་དགོད་བྲོ་བ་ཞིག་ཡོད་པས། ང་ཚོར་བསམ་ཕྱོགས་གསར་པ་ཞིག་མཁོ་འདོན་བྱས་བྱུང”ཞེས་ཝེ་སི་ཐེ་ཀའོ་ཡིས་བཤད།
         ཝི་སི་ཐེ་ཀའོ་ཏེན་མག་གི་རྒྱལ་ས་ཁོ་ཕེན་ཧ་ཀེན་གྲོང་ཁྱེར་གྱི་དཔེ་མཛོད་ཁང་གཙོ་བོར་ལས་ཀ་བྱེད་རིང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་20ལ་གྲོས་འགོ་བཏོན་ནས་དཔེ་ཀློག་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད།
         ཝེ་སི་ཐེ་ཀའོ་ཡིས་རང་ཉིད་ལས་ཀ་བྱེད་སའི་དཔེ་མཛོད་ཁང་གིས་བྱིས་པའི་དཔེ་ཀློག་སྤྲོ་སྐྱིད་ཁང་བཙུགས་ནས་ཕྲུ་གུ་ཚོ་སློབ་གྲྭ་འགྲོལ་རྗེས་དཔེ་མཛོད་ཁང་དུ་བསྐྱོད་ནས་དཔེ་དེབ་དོ་དམ་པ་དང་གྲོས་བསྡུར་སྤེལ་རེས་བྱ་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས།
        ཁོ་ཕེན་ཧ་ཀེན་གྲོང་ཁྱེར་གྱི་དཔེ་མཛོད་ཁང་གིས་ལོ་ལྟར་གུང་གསེང་རིང་དཔེ་ཀློག་འགྲན་བསྡུར་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཕྲུ་གུ་ཚོས་གུང་གསེང་རིང་དཔེ་དེབ་མང་ཙམ་ཀློག་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད། དེས་མ་ཚད་དཔེ་མཛོད་ཁང་གིས་བྱིས་པའི་དཔེ་དེབ་རྩོམ་མཁན་དཔེ་མཛོད་ཁང་དུ་ཕྲུ་གུ་ཚོར་འཆད་ཁྲིད་བྱེད་པར་གདན་དྲངས་པ་དང་ཆབས་ཅིག ཁོང་ཚོར་རྩོམ་ཡིག་འབྲི་སྟངས་ཀྱང་སློབ་ཀྱི་ཡོད།
         རོལ་རྩེད་ཀྱི་སྣ་ཁ་ཧ་ཅང་མང་བའི་དུས་འདིར་ཐབས་ཤེས་ཅི་འདྲ་བཏང་ནས་ཕྲུ་གུ་ཚོས་དཔེ་དེབ་ཀློག་རྒྱུར་དགའ་པོ་བྱེད་ཐུབ་པ་བྱེད་དགོས་སམ། ཝི་སི་ཐེ་ཀའོ་ཡིས་ཕྲུ་གུ་ཚོར་དཔེ་དེབ་ལྟ་ཀློག་གི་མིག་དཔེ་འཚོལ་རོགས་བྱེད་དགོས་པ་དང་ཕ་མ་དང་། སློབ་གྲོགས། དཔེ་མཛོད་ཁང་གི་ལས་མི་དང་དེ་བཞིན་གྲགས་ཅན་མི་སྣ་ཡང་ཕྲུ་གུ་ཚོའི་མིག་དཔེར་འགྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ལོ་ཤས་གོང་། ཏེན་མག་གིས་ལོ་12ལ་སླེབས་པའི་བྱིས་པའི་ཁྲོད་དུ་བརྟག་དཔྱད་བྱས་ཏེ་ཁོང་ཚོའི་སེམས་ལ་དཔེ་ཀློག་མིག་དཔེ་སུ་ཡིན་མིན་ཤེས་པ་བྱ་རྒྱུ་དེ་ཡིན། མཐར་ཕྲུ་གུ་མང་ཆེ་བས་རང་ཉིད་ཀྱི་སློབ་གྲོགས་བདམས་ཡོད། “འཛིན་གྲྭ་གཅིག་ལ་དཔེ་དེབ་ལྟ་རྒྱུར་དགའ་བའི་སློབ་མ་ཁ་ཤས་ཡོད་པ་དེ་དག་གིས་ཕྲུ་གུ་ཚོའི་དཔེ་ཀློག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད”ཅེས་ཝི་སི་ཐེ་ཀའོ་ཡིས་བཤད།
         ཁྱིམ་བདག་ཀྱང་ཕྲུ་གུའི་དཔེ་དེབ་ལྟ་ཀློག་གི་མིག་དཔེར་འགྱུར་བ་བྱེད་དགོས། ཝི་སི་ཐེ་ཀའོ་ཡིས“གལ་སྲིད་རང་ཉིད་ཀྱི་ཕྲུ་གུ་དཔེ་དེབ་ལྟ་ཀློག་བྱ་རྒྱུར་དགའ་པོ་ཡོང་བ་བྱེད་དགོས་ན། རང་ཉིད་ཀྱིས་ངེས་པར་དུ་དཔེ་དེབ་ལྟ་ཀློག་བྱ་རྒྱུར་དགའ་བའི་མི་ཞིག་བྱེད་དགོས། གང་ལགས་ཤེས་ན། ཕ་མའི་གོམས་གཤིས་ལ་ཕྲུ་གུས་ལད་ཟློས་བྱེད་སྲིད”ཅེས་བཤད།
         “ཁྱིམ་བདག་ཅིག་གི་ངོས་ནས་བརྗོད་ན། ང་ཚོར་ཕྲུ་གུས་ཆུང་དུས་ནས་དཔེ་དེབ་མང་ཙམ་ལྟ་ཀློག་བྱེད་པའི་འགན་འཁྲི་ཡོད། རྒྱུ་མཚན་ནི་ཕྲུ་གུའི་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་སློབ་གྲྭར་མ་བསྐྱོད་གོང་ནས་འགོ་ཚུགས་པ་དང་། སྔ་ཙམ་དཔེ་དེབ་ལྟ་ཀློག་གི་ཁོར་ཡུག་བསྐྲུན་ཚེ་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་ཐུབ”
         ད་ཆ། ངོས་ལེབ་གློག་ཀླད་དང་རིག་ནུས་ལག་ཐོགས་ཁ་པར་དར་ཁྱབ་ཆེན་པོ་ཡོད་པས་དཔེ་དེབ་ལྟ་ཀློག་བྱེད་སྟངས་ཀྱང་འགྱུར་བཞིན་ཡོད། ཝི་སི་ཐེ་ཀའོ་ཡིས་དཔེ་དེབ་ལྟ་ཀློག་གློག་རྡུལ་ཅན་དུ་འགྱུར་རྒྱུ་ནི་དུས་བབ་དང་མཐུན་པས་ཁྱིམ་བདག་གིས་ཕྲུ་གུས་ལྟ་ཀློག་བྱེད་པའི་དཔེ་དེབ་དེ་ཤོག་བུ་དང་གློག་རྡུལ་ལམ་ཡང་ན་དེ་མིན་གང་ཡིན་པར་ཐེ་ཇུས་བྱ་རྒྱུ་མེད་ཅེས་བཤད།
         ཁོང་གིས་གློག་རྡུལ་ཀློག་དེབ་ཀྱི་ལྟ་ཀློག་གོ་དོན་རྒྱ་ཆེར་བཏང་བའི་ཁར་མི་མངོན་པའི་ནུས་པ་མང་དག་ཅིག་སྔོག་འདོན་བྱེད་རིན་ཡོད་པ་དཔེར་ན། ཏེན་མག་གི་སྐྱེ་བོ་མང་པོ་ཞིག་གིས“དཔེ་དེབ་ཉན་པ”སྟེ་སྐད་ལྡན་ཀློག་དེབ་ལ་དགའ་པོ་བྱེད་ཀྱི་ཡོད། གློག་རྡུལ་དཔེ་དེབ་ཀྱིས་ཀློག་པ་པོ་དང་མཉམ་སྒུལ་ལ་སྔར་བས་འཚམ་པ་དང་དཔེ་དེབ་ལྟ་ཀློག་ལ་སྤྲོ་སྣང་ཡང་སྦྱིན་གྱི་ཡོད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཧྲའོ་ཧོ་ཡིས།༽
      

    ཕྱོགས་བསྡུས་གསར་འགྱུར།