འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱི་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཕྱིན་པས་བདེ་ཆེན་གྱི་མི་རིགས་ས་ཁུལ་
    དབུལ་པོར་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་11ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན་ཁུན་མིང་ཁྲང་ཧྲུའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུ་འཇོག་ས་གསར་པ་41སྤྱོད་འགོ་ཚུགས་ཤིང་། “བགྲོད་ལམ་གཉིས་མཉམ་གཤིབ་རྣམ་པས”གནམ་གྲུ་གཉིས་དུས་གཅིག་ཏུ་བབས་ཐུབ་ཀྱི་ཡོད། འཆར་གཞི་བྱས་ན་2020ལོར་སླེབས་སྐབས་ཡུལ་སྐོར་བ་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་3800ཟིན་པའི་ཁུན་མིང་ཁྲང་ཧྲུའེ་གནམ་ཐང་དུ་2015ལོར་མི་ཐེངས་ཁྲི་3750ལྷག་ཙམ་ཟིན་ཡོད་པ་རེད། མིག་སྔར་ཡུན་ནན་དུ་ཡུལ་སྐོར་བ་འགྲུལ་བཞུད་བྱེད་ཚད་ཁྲི་བརྒྱ་ཡན་ཟིན་པའི་གནམ་ཐང་5ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མཁའ་ལམ་ལམ་ཐིག་387ཤར་གཏོང་ཐུབ་པ་དེ་ལོ་5ཡི་གོང་ལས་ལྡབ་གཅིག་འཕར་བ་མ་ཟད། ལོ་22བསྟུད་མར་དོན་རྐྱེན་ཐོན་མེད། ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བཞིན་པའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱིས་ཡུན་ནན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་ཡོད།
         མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་ཡུན་ནན་གྱི་མཐའ་མཚམས་མི་རིགས་ས་ཁུལ་དབུལ་པོར་ཡང་ཕན་པ་ཐོབ་ཡོད། ལིས་ཅང་གནམ་ཐང་དུ་ལོ་20ཡི་གོང་དུ་མཁའ་ལམ་ཤར་གཏོང་ཐུབ་སྐབས་དང་བསྡུར་ན། ཡུལ་སྐོར་བ་འགྲུལ་བཞུད་བྱེད་ཚད་ལྡབ་300ལྷག་ཙམ་འཕར་ཡོད། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླའི་གནམ་ཐང་བསྐྲུན་རྗེས། སྐམ་ལམ་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁུན་མིང་དུ་བསྐྱོད་པར་ཆུ་ཚོད་10ལྷག་ཙམ་འགོར་གྱི་ཡོད་པ་དང་དེ་གནམ་གྲུར་བསྡད་ཚེ་སྐར་མ་50ལས་འགོར་གྱི་མེད། དེས་མ་ཚད་ས་ཆ་དེ་གའི་ཁྱད་ལྡན་ཡུལ་ཟོག་བེ་ཤ་སོགས་རི་སྐྱེས་ཤ་མོ་རྒྱལ་ཁབ་ཕྱི་ནང་དུ་མགྱོགས་མྱུར་ཕྱིར་ཚོང་ཐུབ་པ་དང་། མཚོ་ཟས་དང་མེ་ཏོག་སོས་པའང་དུས་ཐོག་ཏུ་དབོར་ཐུབ་ཀྱི་ཡོད། རང་བྱུང་གནོད་འཚེ་ཐོན་མང་བའི་ཡུན་ནན་དུ་ད་དུང་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་མཁའ་ཐོག་སྲོག་སྐྱོབ་ལམ་ཐིག་མང་དུ་སོང་ཡོད།
         “2020ལོར་སླེབས་སྐབས་ཡུན་ནན་དུ་སྐྱེལ་འདྲེན་གནམ་ཐང་20ཟིན་ནས་ལོ་རེར་ཡུལ་སྐོར་བ་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་1ཟིན་རྒྱུ་རེད། ཡུན་ནན་མཁའ་འགྲུལ་གྱིས་ཞིང་ཆེན་ཡོངས་ཀྱི་མི་འབོར་བཅུ་ཆ་དགུར་ཞབས་འདེགས་ཞུ་ཐུབ་རྒྱུ་མ་ཟད། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་རྒྱལ་ས་དང་གཙོ་གནད་གྲོང་ཁྱེར་དུ་མཁའ་ལམ་དྲ་རྒྱ་ཁྱབ་རྒྱུ་ཡིན་པས། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཡུན་ནན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུ་རེད”ཅེས་ཡུན་ནན་གནམ་ཐང་ཚོགས་པའི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་ཀྲོའུ་ཁའེ་ཀྲེན་གྱིས་རེ་བས་ཁེངས་བཞིན་བཤད།
      

    ཕྱོགས་བསྡུས་གསར་འགྱུར།