འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅། །ཨ་ཕའི་སྙིང་གཏམ་དྲོན་མོ།

    རྩོམ་པ་པོ། བྱམས་པ་རྒྱ་མཚོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དེ་རིང་ཁོ་བོར་ཕ་ཡུལ་ཕྱོགས་ཀྱི་ཨ་ཕས་བསྐུར་བའི་འཕྲིན་ཡིག་ཅིག་འབྱོར་བྱུང་། ནམ་རྒྱུན་ལས་དོན་གང་འདྲ་ཞིག་ཡོད་རུང་། ཁ་པར་དང་འཕྲིན་ཕྲན་ནས་འབྲེལ་བ་བྱས་སྟབས་ད་ཐེངས་ཀྱི་སྤྲིངས་ཡིག་འདིར་དམིགས་བསལ་གྱི་བྱ་བ་གང་ཞིག་ཡོད་དམ་སྙམ་ནས་དངངས་སྐྲག་དང་ཐེ་ཚོམ་སྐྱེས་བྱུང་། ཐོག་མར་ཁ་པར་ལན་གཅིག་བཏང་ནས་ཨ་ཕ་ཨ་མར་འཚམས་འདྲི་བྱ་དགོས་བསམ། འོན་ཀྱང་སྤྲིངས་ཡིག་དེ་ལེགས་ཉེས་གང་ཡིན་པ་མི་ཤེས་སྟབས་སྔོན་ལ་ཡི་གེ་འདིར་བལྟས་ནས་ཡིག་ལན་ཚབ་ལ་ཁ་པར་བཏང་ན་རུང་སྙམ་བྱུང་།
         ཡིག་སྐོགས་ཁ་ཕྱེ་ནས་ལྟེབ་རྩེག་བརྒྱབ་པའི་ཤོག་བུ་དཀར་པོའི་སྟེང་གི་ནག་ཆུང་ཡི་གེར་ལྟ་དུས་ཐད་ཀར་འབྲི་ཤོག་ཀྱི་མགོ་ན“ཨ་ཕའི་གཅེས་ཕྲུག་སྙིང་གི་ནོར་བུ”ཞེས་ཅུང་ཆེ་ལ་ཡིག་གཟུགས་ལེགས་པོས་བྲིས་འདུག དེའི་གཤམ་ནས་བརྗོད་འདོད་ཀྱི་སྙིང་གཏམ།
         “ད་ལམ་གཟུགས་གཞི་བདེ་ཐང་ཡིན་ཤག་ལ་སློབ་སྦྱོང་དང་འཚོ་བར་དཀའ་ངལ་མི་འདུག་གམ། མ་གཞི་བུ་ཁྱེད་ཀྱིས་དུས་རབས་འདིར་ད་དུང་གཏོང་ཡིག་བྲིས་ཞེས་འཁང་ར་དང་སྡིགས་དམོད་བྱ་སྲིད་རུང་། ཨ་མ་དང་ཨ་ཕ་ང་ལ་སེམས་ཀྱི་སྐད་ཆ་མང་པོ་ཞིག་མགྲིན་ནས་ཐོན་གྱི་མི་འདུག  བྱས་ཙང་། ཡིག་ལམ་ནས་བུ་ཁྱེད་ལ་བསྐུར་བ་ཡིན་པས་མ་མགུ་བ་མ་བྱ་རོགས།
         ད་ཐེངས་ལོ་གསར་འདིར་ང་ཚོ་ནང་མི་མཉམ་འཛོམས་བྱུང་བར་ང་གཉིས་ཕ་མ་རྒན་པོ་གཉིས་ཧ་ཅང་དགའ་པོ་བྱུང་། དྲང་པོར་བཤད་ན་ལོ་གསར་ལོ་གསར་ཟེར་རུང་དགའ་རྒྱུ་ཅི་ཡང་མེད། ང་ཚོ་ཚང་མའི་མི་ཚེ་ཟད་འགྲོ་ལ་ཕ་མ་རྒན་པོ་ང་གཉིས་བུ་རང་དང་གཤིབ་པའི་དུས་ཚོད་ཇེ་ཉུང་ཇེ་ཐུང་དུ་འགྲོ་ལ། འཇིག་རྟེན་འདི་དང་བྲལ་བའི་ལམ་ཐག་ཉེ་རུ་འགྲོ་བ་ཆོས་ཉིད་ཡིན་པས། སུས་ཀྱང་འཁང་ར་མི་ནུས་ལ་དེ་བས་སུས་ཀྱང་བཟློག་ཐབས་མེད། དེར་བརྟེན་ལོ་གསར་ནི་ང་ཚོར་དུས་ཚོད་ལ་དམ་འཛིན་དང་འཚོ་བར་གཅེས་སྤྲས་བྱ་བའི་དྲན་སྐུལ་ཙམ་ལས་མ་འདས། ད་ཐེངས་ལོ་གསར་འདིར་བུ་རང་གིས་རྟེན་འབྲེལ་ལ་ཁ་གཡར་ནས་ཨ་མའི་གམ་དུ་ཡང་ཆང་དང་སྦི་རག་ལ་གཡེང་ནས་མཚན་མོ་འགར་ཡང་རང་ཁྱིམ་དུ་ལོག་སླེབས་མ་བྱུང་། ངེད་གཉིས་སེམས་ཁྲལ་ཆེན་པོ་བྱུང་རུང་བུ་རང་ལོ་ན་ཆུང་ཆུང་མ་ཡིན་སྟབས་ཅི་ཡང་བཤད་མེད། ད་དུང་གུང་གསེང་ཟླ་བ་གཉིས་ཙམ་རིང་ཁྱེད་ཀྱིས་སློབ་སྦྱོང་བྱས་པ་ང་གཉིས་ཀྱིས་ཧ་ལམ་མཐོང་མ་བྱུང་།
         ཁ་ཉིན་ང་ཚོའི་ཁང་པར་ཞིག་གསོ་བྱེད་དུས་བུ་རང་ལ་སྦྱོང་ཚན་ཡོད་ཟེར་ནས་ཉིན་གང་ཁང་པའི་སྦུག་ཏུ་བསྡད་སོང་།  ལག་ཐོགས་ཁ་པར་འཁྱེར་ནས་ཁེར་ལབ་དང་གད་མོ་དགོད་པ་ཨ་མས་མཐོང་ཐོས་བྱུང་འདུག་ལ། ང་ཡང་དོགས་པ་བྱུང་། ད་བར་ངེད་ཕ་མ་གཉིས་ཀྱིས་བུ་ཁྱེད་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ལ་རེ་བ་ཡང་ཆེན་པོ་བཅངས་ཀྱི་ཡོད།
         དུས་ཚོད་ཡོད་ན་རང་མཁོའི་དཔེ་ཆ་མང་ཙམ་ལྟོས། ཉིན་གང་ཉེ་འཁོར་གྱི་མི་ལ་སྨྲ་བ་མེད་པར་ཁ་པར་ལ་བལྟས་ནས་མ་སྡོད། གང་ལྟར་ཁ་པར་ནས་སློབ་སྦྱོང་བྱེད་ཀྱི་ཡོད་ནའང་འདྲ། རྩེད་མོར་རོལ་ནའང་འདྲ། ཉིན་མཚན་དབྱེར་མེད་དུ་ཁ་པར་ལ་རོལ་ན་ཉིན་ཞིག་རང་གི་གམ་དུ་རོགས་པ་བྱེད་མཁན་གཅིག་ཀྱང་མེད་པར་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོང་། དེ་བས་ཨ་ཕ་ངའི་སེམས་ལ་ཁ་པར་དེ་མིག་ལ་གནོད་པ་ཧ་ཅང་ཆེ་སྙམ་པས་མིག་ལ་སྐྱོན་འགྲོ་ཉེན་ཆེ་ལ། དུས་ཚོད་ཡང་འཕྲོ་བརླག་ཡིན་པས་རང་གིས་བསམ་བློ་ཐོངས།
         བུ་རང་ཕ་ཡུལ་ནས་ཐོན་དུས། ཨ་མས་ཅི་ཡང་མ་བཤད་ཀྱང་སེམས་ནང་སྐད་ཆ་མང་པོ་ཞིག་བཤད་འདོད་ཡོད་པ་ཁྱོད་ཀྱིས་ཤེས་གསལ་རེད་ལ་ཨ་མའི་མིག་ཟུང་ལས་ལྷག་པར་གསལ། ད་ཡང་ལོ་གཅིག་འདས་སོང་བས་ངེད་གཉིས་ཕ་མ་གཉིས་དེ་ལྟར་རྒས་འགྲོ་རུང་བུ་རང་ཡར་ལོངས་སྐབས་སེམས་ནང་དགའ་པོ་འདུག་ལ། དེ་བས་སེམས་ཁྲལ་དང་འཇིགས་སྣང་འདུག བུ་རང་གིས་རང་དགོས་ཤེས་བྱ་ཡོན་ཏན་ལ་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་བྱ་དགོས། ཕྱིས་སུ་གཞན་ལ་སྨོན་མི་དགོས་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་གི་ཕྱིར་ད་ལྟ་ནས་དམ་འཛིན་བྱ་རོགས། ད་ཆ་ངེད་གཉིས་རྒན་འཁོགས་ལ་ཅི་ཡང་མི་དགོས་ལ། ཁྱེད་ཀྱིས་སེམས་ཁྲལ་བྱ་མི་དགོས། བུ་ཁྱོད་རང་མགོ་མ་ཐོན་པར་ང་གཉིས་ཀྱིས་བསྐྱུར་ནས་འཇོག་མི་སྲིད།  ངེད་གཉིས་ལ་ཁའི་ཉི་མ་དང་འདྲ་རུང་བུ་ཁྱོད་ནི་ཞོགས་པའི་ཉི་གཞོན་དང་འདྲ་བས་རིག་པ་བསྒྲིམ་རྒྱུར་རེ་བ་ཆེ།
         རང་ཡུལ་ཕ་མའི་དྲུང་དུའང་ཆང་སྦི་རག་ལ་གཡེང་བ་ལ་ལྟོས། གཞན་ཡུལ་ཁེར་རྐྱང་འཚོ་བར་སྣང་བ་གང་ཤར་གྱིས་གང་འདྲ་བྱེད་མིན་སུས་ཀྱང་མི་ཤེས་ལ་ཕ་རྒན་ངས་བསམ་མི་ནུས། རེ་བར་བུ་རང་གི་མདུན་ལམ་དང་ལང་ཚོ། ཕུགས་བསམ། ངེད་ཕ་མ་གཉིས་ཀྱི་རེ་བ་བཅས་གད་སྙིགས་ལྟར་མི་བསྐྱུར་རོགས།   ཨ་ཕའི་སྙིང་གི་ནོར་བུ་ཁྱེད་ཀྱིས་ཡིག་ལན་མེད་ནའང་ཆོག འོན་ཀྱང་། བསམ་གཞིག་ནན་པོ་བྱ་རོགས”ཞེས་རྫོགས་ཤད་འཐེན་འདུག
         འདི་ལྟར་སྒྲུང་མཁན་མཁས་པའི་བཤད་པ་མེད་ལ་སྙན་ངག་མཁས་པའི་རྒྱན་སྦྱོར་དབེན་རུང་། སྙིང་ཁོང་རུས་པའི་གཏིང་གི་སྙིང་གཏམ་དྲོན་མོ་འདིར་བུ་ངས་ལན་ཇི་ལྟར་གདབ་དགོས་སམ།  ངས་དྲན་སེམས་དང་འགྱོད་གདུང་བརྗོད་ཀྱིས་མི་ལང་བ་ཞིག་མིག་ཆུ་ལ་སྦྱར་ནས་རླུང་ལ་བསྐུར་ཡོད། ཨ་ཕ་ཨ་མས་ཀྱང་སྙིང་གཏམ་ཅི་ཙམ་ཞིག་དབུགས་རིང་ལ་སྦྱར་ནས་ཁོག་འབུད་ཡོད་བུ་ངས་ཀྱང་བསམ་མི་ཕོད་དོ།།
           གསལ་བཤད། རྩོམ་ཡིག་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་ཡིག་རྩོམ་རིག་ཚོགས་ཆུང་གིས་བསྒྲིགས་པའི་《རྨུ་ཐག་》སྤྱིའི་འདེན་ཐེངས་བཅུ་བདུན་པ་ལས་དྲངས།
      

    ཕྱོགས་བསྡུས་གསར་འགྱུར།