འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བ་མི་ཐེངས་ཁྲི་90ལྷག་ཙམ་ལ་སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འཛམ་གླིང་གི་གྲགས་ཅན་ཡུལ་སྐོར་བྱ་ཡུལ་ཕོ་བྲང་པོ་ཏ་ལས་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་90ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།
         ཕོ་བྲང་པོ་ཏ་ལའི་སྒོ་འཛིན་གྱི་རིན་གོང་ལ་ཡུལ་སྐོར་བ་མང་བ་དང་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཤིང་། ལོ་ལྟར་གྱི་ཟླ་11ཚེས་1ཉིན་ནས་ལོ་ཕྱི་མའི་ཟླ་4ཚེས་30ཉིན་བར་ནི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་པ་དང་དུས་ཚིགས་དེའི་སྒོ་འཛིན་གྱི་རིན་གོང་མི་རེར་སྒོར་100ཡིན་པ་དང་། ལོ་ལྟར་གྱི་ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པ་དང་དུས་ཚིགས་དེའི་སྒོ་འཛིན་གྱི་རིན་གོང་ནི་མི་རེར་སྒོར་200རེད། ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་དེ་མན་གྱི་སློབ་མ་དང་། རྒྱལ་ནང་གི་དབང་པོ་སྐྱོན་ཅན། རྒྱལ་ནང་གི་དངོས་ཞབས་དམག་མི། རྒྱལ་ནང་གི་དགེ་རྒན། དེ་བཞིན་ལོ་60ཡན་གྱི་རྒན་རྒོན་བཅས་ཀྱིས་འབྲེལ་ཡོད་ལག་ཁྱེར་ལ་བརྟེན་ནས་དུས་ཚིགས་དེ་གའི་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། གཟུགས་པོའི་རིང་ཚད་སྨི་1.2མ་ལོན་པའི་བྱིས་པས་རིན་མེད་ངང་ལྟ་སྐོར་བྱེད་ཆོག་གི་ཡོད།
         ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའི་འབྲེལ་ཡོད་འགན་ཁུར་བས་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་མིག་སྔར་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པར་ཡོང་མཁན་ཇེ་མང་དུ་འགྲོ་གི་ཡོད། ལོ་ལྟར་བོད་དུ་ཡུལ་སྐོར་བྱེད་མཁན་མང་ཤོས་ཀྱི་དུས་ཚིགས་སུ་ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བའི་ཚད་གཞི་ཚོད་འཛིན་བྱེད་ཀྱི་ཡོད་པས་སྒོ་འཛིན་ཤིན་ཏུ་ཉོ་དཀའ་བར་བརྟེན་ཡུལ་སྐོར་བས་ཉིན་འགའ་ཤས་སྒུག་ནས་སྡོད་དགོས་ཀྱི་ཡོད། དེར་བརྟེན་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་དུ་སྐྱོད་མཁན་ཚོས་སྔ་སྣུར་དུ་འཆར་གཞི་ཡག་པོ་འགོད་དགོས་པའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།