འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་སྨན་ཁང་དུ་སྡོད་པའི་སྨན་ཡོན་དུས་ཐོག་ཏུ་རྩིས་རྒྱག་རྩིས་ཞུ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ།

    སྨན་བཅོས་འཕྲོད་བསྟེན་མ་དངུལ་དོན་འཁྱོལ་བྱས་པ་སྒོར་དུང་ཕྱུར་18ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ཀྱི་འཕྲོད་བསྟེན་བུ་བཙའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོའི་ལོ་མཇུག་ཏུ་བོད་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དུ་སྒོ་བསྟེན་འགྲོ་གྲོན་དུས་ཐོག་ཏུ་ཞིབ་བཤེར་རྩིས་ཞུ་བྱས་པ་དང་རྫོང་74ལ་སྨན་ཁང་དུ་བསྡད་པའི་སྨན་ཡོན་དུས་ཐོག་ཏུ་རྩིས་རྒྱག་རྩིས་ཞུ་བྱ་རྒྱུ་རྩ་བའི་ཆ་ནས་མངོན་འགྱུར་ཐུབ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལོ་5ཡི་རིང་འཆར་འགོད་མ་དངུལ་ཁྱོན་སྒོར་དུང་ཕྱུར་18དོན་འཁྱོལ་བྱས་པ་དེ་འཆར་འགོད་མ་དངུལ་གྱི་93.54%ལས་བརྒལ་ཡོད། རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར་ཁག རྫོང་ཁག་བཅས་ཀྱི་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་ཆབས་ཅིག ཁྱོན་རྣམ་གྲངས་ཆེ་བ་11དང་རྣམ་གྲངས་ཆུང་བ་1062དོན་འཁྱོལ་བྱས་ཏེ་ས་མཐོའི་ཚེ་སྲོག་ཚན་རིག་ཞིབ་འཇུག་སུའོ་དང་ས་ཁོངས་འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་བསྐྲུན་ཟིན་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།
         བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ནས་ཞིང་འབྲོག་པའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་དང་མ་དངུལ་གྲབས་གསོག་བྱེད་ཚད་97%ཡན་ཟིན་ཡོད། ནད་ཆེན་གཅིག་གྱུར་འཆར་འགོད་ཀྱི་གཏོང་སྤྲོད་མ་དངུལ་མཐོ་ཤོས་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་6ཡན་(སྒོར་ཁྲི་2.5ཙམ་)ནས་སྒོར་ཁྲི་6བར་མཐོ་རུ་བཏང་བ་དང་། སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་180ནས་སྒོར་420བར་མཐོ་རུ་བཏང་བ་དང་བསྡོམས་རྩིས་བརྒྱབ་ན་སྒོར་དུང་ཕྱུར་40.88ཟིན་པ། བོད་ཀྱིས་མ་དངུལ་བཏང་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་ནད་ཆེན་འགན་བཅོལ་ཉོ་སྒྲུབ་བྱས་པ་དང་ནད་ཆེན་ཕོག་པའི་ཞིང་འབྲོག་པ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ནད་ཆེན་གཅིག་གྱུར་འཆར་འགོད་ཀྱི་གཏོང་སྤྲོད་མ་དངུལ་མང་ཤོས་སྒོར་ཁྲི་6ཡན་ལས་བརྒལ་ཚེ་ཚད་གཞི་མཐོ་ཤོས་སྒོར་ཁྲི་7གསབ་སྤྲོད་ཀྱི་རེ་ཞུ་བྱེད་ཆོག་པ་དང་སྤྱིའི་གསབ་སྤྲོད་མ་དངུལ་སྒོར་ཁྲི་4676ཟིན་པ། གཞན་ཡང་ཞིང་འབྲོག་པས་ད་དུང་དམངས་སྲིད་སྡེ་ཚན་ལ་མཐོ་ཤོས་སྒོར་ཁྲི་6གི་སྨན་བཅོས་རོགས་སྐྱོབ་རེ་ཞུ་བྱེད་ཆོག་པ་དང་ཞིང་འབྲོག་པའི་གཞི་རྩའི་སྨན་བཅོས་འགན་ལེན་འགྲོ་གྲོན་ཁྱོན་སྒོར་ཁྲི་19ཟིན་གྱི་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱིས་འཕྲོད་བསྟེན་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་ཆབས་ཅིག ལོ་4བསྟུད་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་མི་ཐེངས་ཁྲི་1055ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་དང་བདེ་ཐང་ཡིག་ཚགས་བཟོ་ཚད་93.7%ཟིན་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་3000ལྷག་ཙམ་དང་། སྐྱ་འགྲིབ་ཕོག་པ་ཁྲི་1.9ལྷག་ཙམ། མཆུ་རྐན་གཉིས་ཤོའི་མི་76བཅས་ལ་རིན་མེད་སྨན་བཅོས་བྱས་ཡོད། 《ཞིང་འབྲོག་པའི་ནད་ཆེན་དང་དམིགས་བསལ་སྒོ་བསྟེན་ནད་རིགས་དཀར་ཆག་》བཟོས་ཏེ་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་། གཅིན་སྙི་གཟག་ཁུའི་ནད། གློ་ནད་ཀྱིས་འཁྲིད་པའི་སྙིང་ནད་སོགས་བོད་ཀྱི་ཞིང་འབྲོག་པའི་བདེ་ཐང་ལ་གནོད་པའི་ནད་ཆེན་དང་ནད་རིགས་ཚབས་ཆེན་22དང་སྒོ་བསྟེན་དམིགས་བསལ་ནད་རིགས་20ཞིང་འབྲོག་ཁུལ་གྱི་སྨན་བཅོས་གཙོ་གནད་འགན་ལེན་བྱེད་པའི་ནད་ཡམས་ནང་བཅུག་ཡོད་པ་རེད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་2010ལོའི་1352ནས་2015ལོའི་1435བར་འཕར་བ་དང་། སྨན་ཁང་གི་ཉལ་ཁྲི་8838ནས་12200བར་མང་དུ་ཕྱིན་པ། འཕྲོད་བསྟེན་མི་སྣ་12269ནས་15831བར་མང་དུ་ཕྱིན་པ། མི་ཆིག་སྟོང་རེར་སྨན་བཅོས་སྒྲིག་གཞིའི་ཉལ་ཁྲི་2.94ནས་3.80བར་མང་དུ་ཕྱིན་པ། མི་ཆིག་སྟོང་རེར་འཕྲོད་བསྟེན་ལག་རྩལ་པ་3.33ནས་4.12བར་མང་དུ་ཕྱིན་ཡོད། བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྩ་གནད་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་བྱ་གཞག་འཕེལ་རྒྱས་འཆར་འགོད་ཀྱི་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་13གྱི་དམིགས་ཚད་ཚང་མ་ལེགས་སྒྲུབ་བྱས་པའམ་ཡང་ན་འཆར་འགོད་དམིགས་ཚད་ཀྱི་ཚད་གཞིར་སླེབས་པས། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་ཡག་ཤོས་ཤིག་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཚོར་ཕན་པ་ཐོབ་མང་ཤོས་དང་བདེ་ཐང་ཆུ་ཚད་མཐོ་རུ་འགྲོ་མགྱོགས་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།