འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོའི་ལོ་རེའི་ཐང་ག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་པ།

    རིག་གནས་རྒྱུན་འཛིན་བྱས་ནས་ཡུལ་གཅིག་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ལོ་མང་པོ་སོང་རྗེས་ཁྱིམ་འཛུགས་ལས་གཉེར་བྱས་རྗེས་ཀྱི་ཤ་བོ་ཚེ་བརྟན་གྱིས་ཆུང་ངུའི་དུས་སུ་རང་གི་ཕས་ཕྱི་དྲོ་ཞིག་ལ་རང་ཉིད་ཐང་ག་བཞེངས་ཁང་ནང་ཁྲིད་པ་སྔར་བཞིན་བློ་ལ་བརྟན་པོར་ངེས་ཡོད་པ་སྟེ།
          ཐང་ག་བཞེངས་ཁང་ནང་ཐང་ག་སྤུས་ལེགས་ཤིག་བཀལ་ཡོད་པ་དང་། དེའི་སྟེང་གི་སྐུ་བརྙན་ཞལ་འཛུམ་མེར་བཞུགས་པ་དེས་འཇིག་རྟེན་གྱི་དོན་མང་པོ་ཞིག་མཁྱེན་པ་ལྟར་སྣང་བ་དེ་ཡིན།
         ལོ་ངོ་40ཡུད་ཙམ་ཞིག་ལ་འདས།
         ད་ཆ་ཤ་བོ་ཚེ་བརྟན་ལ་རང་ཉིད་ཀྱི་ཐང་ག་བཞེངས་ཁང་དང་ཀུང་སི་ཡོད་པ་མ་ཟད། ད་དུང་ཐང་ག་བཞེངས་རྩལ་བྱང་ཆུབ་པས་མཚོ་སྔོན་ཞིང་ཆེན་གྱི་བཟོ་རྩལ་ལྷ་འབྲི་བ་ཆེ་མོར་གྱུར་ཡོད།
         ཤ་བོ་ཚེ་བརྟན་གྱི་ཕ་ཡུལ་མཐའ་བཞི་རི་བོས་བསྐོར་བའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐུན་རེན་རྫོང་ནས་ཡིན་པ་དང་། གནའ་དུས་དེ་ཁུལ་དུ་རེབ་གོང་ཞེས་བརྗོད་པ་དང་བོད་རིགས་རྒྱལ་གཅེས་མཁས་དབང་གྲགས་ཅན་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཕ་ཡུལ་ཡིན་ལ་གང་སར་སྐད་གྲགས་ཆོད་པའི་རེབ་གོང་ཐང་གའི་སྒྱུ་རྩལ་དར་ཡུལ་ཡང་ཡིན།
          མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་ཐང་ག་ནི་རང་བྱུང་རྡོ་ཚོན་ལ་བརྟེན་ནས་རས་ཐང་ཐོག་ཏུ་བཞེངས་པ་དང་སྦྲགས་མཐའ་བཞི་གོས་ཆེན་བརྒྱན་པའི་ཆོས་ལུགས་ཀྱི་ཐང་ག་བྲིས་མ་ཞིག་ཡིན་ལ་དེར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་དང་ཚོས་གཞིར་གཞིགས་ནས་མཚལ་ཐང་དང་། ནག་ཐང་། གསེར་ཐང་། ཚོན་ཐང་སོགས་ཡོད།
         “རེབ་གོང་ཐང་ག་དེ་ཉིད་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་དར་བ་དང་དུས་ཡུན་རིང་པོའི་ནང་ནང་སའི་དབར་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་པས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ནས་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་སྟབས‘འགྲོ་སྐྱོད་ཀྱི་ལྷ་ཁང’ཞེས་འབོད་ཀྱི་ཡོད”ཅེས་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བོད་རིགས་མཁས་དབང་བཀྲ་བྷས་བཤད་བྱུང་།
          ཡིན་ནའང་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་འཕྲིན་གསང་པོ་མེད་པའི་དབང་གིས་རྨད་དུ་བྱུང་བའི་རེབ་གོང་ཐང་གའི་སྒྱུ་རྩལ་དེ་ཉིད་དུས་ཡུན་རིང་པོའི་ནང་རི་ཁུག་ནང་ལུས་ནས་གངས་ལྗོངས་ས་མཐོ་ཕུད་པའི་མི་གཞན་དག་གིས་རྒྱུས་མངའ་ཐུབ་མེད།
          2006ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཐང་ག་དེ་ཉིད་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ནང་དངོས་སུ་བཅུག
          “ཐང་གའི་སྒྱུ་རྩལ་དེ་ཉིད་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་འབྲེལ་དམངས་ཕྱུག་ཐོན་ལས་ཤིག་ཏུ་འགྱུར་བ་བྱེད་པར་དང་ཐོག་དེའི་མིང་གྲགས་ཆེ་རུ་གཏོང་དགོས”ཞེས་རྨ་ལྷོ་ཀྲོའུ་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་སྲུང་སྐྱོང་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་རོན་ཡོན་ཁྲེང་གིས་བཤད་པ་དང་། ཁོང་གིས་2011ལོ་ནས་བཟུང་རྨ་ལྷོ་ཀྲོའུ་ཡིས་པེ་ཅིང་གི་གྲགས་ཅན་རིག་གནས་ཁྱབ་སྤེལ་ཀུང་སི་ཞིག་དང་མཉམ་ལས་བྱས་ནས་སྔ་རྗེས་སུ་པེ་ཅིང་རིག་གནས་དངོས་མང་སྟོན་ཚོགས་དང་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སོགས་སུ་ཐང་ག་འགྲེམས་སྟོན་བྱས། 2014ལོའི་དཔྱིད་དུས་སུ་རེབ་གོང་ཐང་ག་65ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་དང་ལྷ་འབྲི་བ་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་ཐང་ག་བཞེངས། ལོ་གཅིག་རྗེས་སུ་པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་དངོས་སུ་སྒོ་ཕྱེ།
          མིང་གྲགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ནང་སའི་ཡུལ་སྐོར་བ་དང་ཚོང་པའི་ཐང་གའི་དགོས་མཁོ་ཇེ་ཆེར་སོང་ཞིང་། རྨ་ལྷོ་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེ་ཏུང་ཧྲེང་གིས་མིག་སྔར་རྨ་ལྷོའི་ཐང་གའི་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.5ཙམ་ཟིན་ནས་ཀྲོའུ་དེ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ལས་བརྒལ་བ་དང་། ལས་ཞུགས་མི་གྲངས་ཁྲི་2.2ཟིན་པ་དེས་ཀྲོའུ་དེ་ཡོངས་ཀྱི་མི་འབོར་གྱི་10%ཙམ་བཟུང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
          ཐོན་ལས་འཕེལ་རྒྱས་རྒྱ་སྟོབས་ཆེ་རུ་ཕྱིན་པ་དེས་ཐ་ན་ཐང་ག་རྒྱུན་འཛིན་དང་འབྲི་རྩལ་སྦྱོང་བའི་རྣམ་པར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། སྔོན་ཆད་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་གཙོ་བོ་དགོན་སྡེའི་ནང་རྒྱུན་འཛིན་བྱེད་པ་མ་ཟད་བུ་ལ་སློབ་པ་ལས་བུ་མོར་སློབ་སྲོལ་མེད། ད་ཆ་བུད་མེད་ལྷ་འབྲི་བ་དེ་བས་མང་བ་ཞིག་གིས་ཕྲ་ཞིང་ལྡེམ་པའི་སྨྱུ་གུར་བརྟེན་ནས་རས་ཐང་ཐོག་རང་གི་སེམས་ནང་གི་ཕུགས་འདུན་འབྲི་འགོ་ཚུགས་ཡོད། རེབ་གོང་སྒྱུ་རྩལ་ཐད་ཐང་གས་ཚབ་མཚོན་དུ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཐང་ག་དང་མི་འདྲ་བའི་སྒྱུ་རྩལ་གཞན་དག་མང་པོ་ཡོད་ཅིང་། རོན་ཡོན་ཁྲེང་གིས་རྨ་ལྷོའི་རེབ་གོང་སྒྱུ་རྩལ་ནང་ད་དུང་འཚེམ་དྲུབ་དང་། ཤིང་བརྐོས། རྡོ་བརྐོས། འཇིམ་སྐུ། ཨར་སྐྲུན། གསེར་གྱི་རྒྱན་ཆ། འཆམ། དམངས་ཁྲོད་ཟློས་གར་སོགས་རིགས་མང་པོ་ཚུད་ཡོད། མིག་སྔའི་བར་ཀྲོའུ་དེ་ཡོངས་སུ་རིག་གནས་ཐོན་ལས་གཉེར་སྐྱོང་དུད་ཚང་4700ལྷག་ཙམ་ཡོད་པ་དང་རིག་གནས་ཐོན་ལས་ཀྱི་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར་4.5ཙམ་ཟིན་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
          རེབ་གོང་འཇིམ་སྐུའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཤ་བོ་སྐྱབས་ཀྱིས་ཇུས་འགོད་དང་། ཐོན་སྐྱེད། འགྲེམས་སྟོན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་འཇིམ་སྐུའི་སྒྱུ་རྩལ་རྒྱུན་འཛིན་སྦྱོང་ཁང་ཞིག་བཙུགས་ནས་དེ་ཁུལ་གྱི་གཞོན་ནུ་བཅུ་ཕྲག་ཁ་ཤས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།
          “འདི་གར་འཇིམ་སྐུའི་ལག་རྩལ་སྦྱོང་མཁན་མང་ཆེ་བ་ནི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་རེད། ལོ་དང་པོའི་ནང་ཟས་སྡོད་འགན་ལེན་བྱེད་པ་དང་ལོ་གཉིས་པར་གཞི་ནས་གླ་ཕོགས་སྤྲོད་ཀྱི་ཡོད། གཞི་རྩའི་ཆར་ལོ་གསུམ་བཞི་སོང་རྗེས་མི་རེར་ལོ་རེར་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་ལྔ་དྲུག་རག་གི་ཡོད་པས་ཁྱིམ་ཚང་མང་པོ་ཞིག་གིས་འཇིམ་སྐུ་བཞེངས་རྒྱུར་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱེད་ཀྱི་ཡོད”ཅེས་ཤ་བོ་སྐྱབས་ཀྱིས་བཤད་བྱུང་།
           ཧྲེ་ཏུང་ཧྲེང་གིས་འབྱུང་འགྱུར་རྨ་ལྷོ་ཀྲོའུ་ཡིས“རིག་གནས་ལ་བརྟེན་ནས་ཀྲོའུ་སྐྱོང་བའི”བསམ་ཕྱོགས་ལ་གཞིགས་ཏེ་ཐོན་ལས་འབྲེལ་ཐག་རིང་དུ་བཏང་ནས་རེབ་གོང་རིག་གནས་ཐོན་ལས་ཕྱོགས་ཡོངས་ནས་རིམ་སྤོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།
          “ང་ཚོས་འབད་བརྩོན་ཆེན་པོས་རིག་གནས་དང་ཁྲོམ་ར་སྦྲེལ་མཐུད་དམ་ཟབ་ཐུབ་པ་བྱས་ནས་ཆུང་ལ་སྤུས་ལེགས་པ་དང་། ངོ་མཚར་ཆེ་བའི་རིག་གནས་ཐོན་ལས་མཐོ་སྒང་ནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་གཏོང་རྒྱུ་ཡིན། བོད་རིགས་ས་ཁུལ་དུ་ཆུ་མིག་རྒྱས་པ་བཞིན་གྱི་ཡུལ་སྐོར་དུ་ཡོང་མཁན་མང་དུ་འགྲོ་བར་བརྟེན་ནས་རྨ་ལྷོ་ཀྲོའུ་རུ་ཟས་སྡོད་དང་། གནས་གཟིགས། ཉམས་ལེན། རོལ་རྩེད་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་རེབ་གོང་ཡུལ་སྲོལ་ཁྲོམ་གཞུང་ཞིག་བཏོད་ནས་དེ་ཉིད་ཕྱི་ཕྱོགས་སུ་བོད་ཀྱི་རིག་གནས་མངོན་པར་བྱེད་པའི་སྐར་ཁུང་ཞིག་ཏུ་འགྱུར་རྒྱུར་དེ་བས་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།