འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“འབྱོར་འབྲིང་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད”

    —— བོད་ལྗོངས་ལྷ་ས་གྲོང་ཁྱེར་དར་དམར་གྲོང་ཚོའི་གྲོང་མི་རྣམས་ཀྱི་ལོ་གསར་གྱི་རེ་འདུན་གསར་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་གྲོང་མི་རྣམས་མི་1000ལྷག་ཙམ་ཤོང་བའི་ཚོགས་ཁང་ནང་དགའ་སྤྲོ་མཉམ་འཛོམས་ཀྱིས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། གྲོང་ཚོ་དེ་གའི་རིག་རྩལ་རུ་ཁག་གི་བོད་རིགས་གླུ་གར་གྱི་འཁྲབ་སྟོན་ལ་བལྟས་ནས་དགའ་སྤྲོ་འཆམ་མཐུན་གྱི་ལོ་གསར་ཞིག་བཏང་བ་རེད།
          དར་དམར་གྲོང་ཚོ་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་ཤར་འདབས་སུ་གནས་པ་དང་ཁྱོན་དུད་ཚང་997དང་མི་གྲངས་1900ལྷག་ཙམ་ཡོད་ཅིང་། དེའི་གཤམ་དུ་སྐུ་འབུམ་ཐང་དང་། ལྕང་གྲོང་ཚོགས་ཆུང་། གྲོང་གསར་ཚོགས་ཆུང་། རྭ་ཁ་ཆུ་འཁོར་ཚོགས་ཆུང་། དར་དམར་ཚོགས་ཆུང་བཅས་ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་གྲོང་ཚོའི་ནང་གི་ས་ཞིང་བསྡུ་སྤྱོད་བྱས་པས་གྲོང་མི་ཚང་མ་བོད་བཟོའི་སྤྲོ་ཁང་དང་ཐོག་སོ་རྐྱང་པ་ལས་གྲུབ་པའི་ཚད་གཞི་མཐོ་བའི་སྡོད་ཁང་སྡེ་ཁུལ་ལྔའི་ནང་སྡོད་རྒྱུ་བྱུང་བའི་ཁར་གྲོང་ཁྱེར་ནང་ལས་ཞུགས་ཐུབ་ནས་གྲོང་ཁྱེར་གྱི་མི་དང་འདྲ་བའི་འཚོ་བ་བསྐྱལ་རྒྱུ་བྱུང་ཡོད།
         ཚེས་22ཉིན་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་ལ་བོད་ཀྱི་ལོ་གསར་གྱི་ཚེས་བཅོ་ལྔ་དང་ཏག་ཏག་འཁེལ་ཞིང་། གསར་འགོད་པ་ལྷ་ས་སྐྱིད་ཆུའི་ཉེ་འགྲམ་དུ་གནས་པའི་གྲོང་གསར་སྡེ་ཁུལ་དུ་སྐྱོད་སྐབས་དེ་ཁུལ་གྱི་ལམ་ངོས་བདེ་ལ་གཙང་སྦྲ་དོད་པ་དང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་གྲལ་སྒྲིག་པོར་གནས་པ་དང་། ཁྱིམ་ཚང་ཚང་མའི་རྒྱལ་སྒོའི་སྟེང་དུ་དམར་མདངས་བཀྲ་བའི་རྒྱལ་དར་བཀལ་བ་དང་། གཉེན་ཉེ་དང་གྲོང་པ་ཁྱིམ་མཚེས་དབར་ཕར་འགྲོ་ཚུར་འོང་གིས་ལོ་གསར་གྱི་ཕྱེ་མ་བཀྱག་རེས་བྱས་ནས་ལོ་གསར་གྱི་ཉིན་མཇུག་ཤོས་དགའ་གཏོང་བྱེད་བཞིན་ཡོད་པ་མཐོང་བྱུང་།
         ཡིན་ནའང་གྲོང་ཚོའི་ལས་བྱེད་པ་རྣམས་སྔར་བཞིན་ལས་ལ་བྲེལ་ནས་ཡོད་པ་དང་། དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་སྒྲོལ་དཀར་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་ཕུན་ཚོགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། སྐལ་བཟང་སྒྲོལ་དཀར་གྱིས་དུས་ཆེན་རིང་རྟེན་འབྲེལ་བྱེད་སྒོ་ཁག་སྒྲིག་འཛུགས་དང་ལས་རེས་བཀོད་སྒྲིག་བྱས་པ་ཕུད། ངས་དར་དམར་གྲོང་ཚོའི་ལོ་གསར་པའི་ལས་དོན་ལ་དེ་བས་བསམ་གཞིག་དང་འཆར་འགོད་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
         “ལོ་གསར་རྗེས་སུ་ང་ཚོས་འཕྲལ་དུ་བྱ་བ་ཁག་གཅིག་བསྒྲུབ་རྒྱུ་ཡིན་པ་སྟེ། གྲོང་གསར་ཚོགས་ཆུང་དུ་བསྐྲུན་རྒྱུའི་ཐོག་སོ་ལྔ་ལྡན་གྱི་སྡོད་ཁང་བོགས་མར་བཏང་ནས་གསོལ་མགྲོན་ཁང་ངམ་ཡང་ན་སྨན་ཁང་དུ་སྤྱོད་ཆོག་པ་དང་། གྲོང་གསར་ཚོགས་ཆུང་སྡེ་ཁུལ་ཉེ་འགྲམ་དུ་ཚོང་སྒྱུར་ཁང་པ་60ལྷག་ཙམ་བསྐྲུན་ནས་མང་ཚོགས་ལ་གཉེར་སྐྱོང་སྣ་ཚོགས་བྱེད་དུ་འཇུག་རྒྱུ། གྲོང་མིའི་རྒན་གསོ་འགན་བཅོལ་དེ་འདི་ལོ་ནས་བཟུང་གྲོང་ཚོས་མཉམ་སྡེབ་ཐོག་བསྐྱལ་རྒྱུ། རླངས་འཁོར་འཁྲུ་ས་ཞིག་འཛུགས་རྒྱུ་སོགས་ཡིན”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད་བྱུང་།
         གྲོང་ཚོའི་ནང་གི་འབྲེལ་ཡོད་ཟིན་ཐོ་ཁ་ཕྱེ་ནས་ལྟ་སྐབས་དར་དམར་གྲོང་ཚོར་ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14427ཟིན་པ་དང་། དེའི་ནང་ཁེ་སྤོགས་བགོ་བཤའི་ནང་ཞུགས་མཁན་གྲོང་མི་མི་རེར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་5000ནས་5500བར་རག་ཡོད། གཞན་ཡང་ལོ་60ཡན་གྱི་རྒན་རྒོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་རྒན་གསོའི་ཁ་གསབ་རོགས་དངུལ་ལོངས་སྤྱོད་ཐུབ་པ་ཕུད། ད་དུང་གྲོང་ཚོའི་མཉམ་སྡེབ་ནས་སྤྲད་པའི་ལོ་རེར་མི་རེར་སྒོར་1200ལེན་ཐུབ་པ་ཤེས་བྱུང་།
         མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་གྲངས་ཀ་ཁོ་ནའི་ཐོག་ནས་བལྟས་ཚེ་དར་དམར་གྲོང་ཚོའི་མང་ཚོགས་རྣམས་འབྱོར་འབྲིང་ཕྱོགས་སུ་སླེབས་ལུགས་ཤེས་ཀྱི་འདུག སྐལ་བཟང་སྒྲོལ་དཀར་ལ་ད་དུང་དེ་བས་ཆེ་བའི་ཕུགས་འདུན་ཞིག་ཡོད་ཅིང་། ཁོང་གིས“ང་ཚོས་སྔར་ལས་ལྷག་པའི་ངང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་འགྱུར་ལོ་ལྔའི་ནང་མི་སེར་ཚོར་ཁེ་སྤོགས་བགོ་བཤའ་ཐོབ་ཚད་ལོ་རེར་20%འཕར་བ་བྱས་ནས་2020ལོར་སླེབས་སྐབས་ལྡབ་གཅིག་འཕར་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་དང་། ཁོང་གི་ཉེ་འགྲམ་དུ་ཡོད་པའི་ཕུན་ཚོགས་ཀྱིས“ང་ཚོས་ཚད་གཞི་དེ་བས་མཐོ་བའི་འབྱོར་འབྲིང་ཕྱོགས་སུ་སླེབས་པ་བྱས་ནས་མང་ཚོགས་ཀྱི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།
         གླེང་མོལ་བྱེད་པའི་བརྒྱུད་རིམ་ནང་ང་ཚོར་ཤེས་རྟོགས་བྱུང་གསལ། དར་དམར་གྲོང་ཚོས་ས་ཞིང་བསྡུ་སྤྱོད་དང་བཤིག་སྤོ་བྱས་རྗེས་སྔོན་ལ་སྐྱིན་གསབ་དངུལ་40%ལས་བགོ་བཤའ་བརྒྱབ་མེད་པ་དང་། བགོ་བཤའ་བརྒྱབ་མེད་པའི་60%དེ་སླར་ཡང་གསར་སྤེལ་དང་། གསོལ་མགྲོན་ཁང་དང་། གཞུང་ལས་ཐོག་བརྩེགས། ཚོང་ལས་སྡོད་ཁང་ཐོག་བརྩེགས་བཅས་བསྐྲུན་རྒྱུར་སྤྱད་ནས་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་བཏང་སྟེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དར་མའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་ཀྱིས་ཚོང་ཁང་འཛུགས་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་བ། སྡེ་ལས་དོ་དམ་བྱེད་པ་བཅས་དང་དེ་བཞིན་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན་སྣ་ཚོགས་ནང་ཞུགས་སུ་བཅུག་པས་མང་ཚོགས་མང་ཆེ་བར་ལས་ཀ་བརྟན་པོ་ཞིག་རག་ནས་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་ཕྱིན་ཡོད།
         གསར་འགོད་པས་ཁྱིམ་ཚང་ཞིག་གི་རྒྱལ་སྒོ་བརྡུངས་ནས་འཛུལ་སྐབས་ལོ་61ལ་སླེབས་པའི་བགྲེས་སོང་ནོར་བུ་རྐུབ་བཀྱག་ཐོག་ཏུ་འཛེགས་ནས་སྒེའུ་ཁུང་ཕྱིས་བཞིན་ཡོད་པ་དང་ཁོང་གིས་ང་ཚོ་མགྲོན་བསུ་ཁང་ནང་ཁྲིད་བྱུང་། བུ་མོ་བདེ་སྐྱིད་ཀྱིས་བྲོ་བ་ཞིམ་པའི་ཇ་བསྲུབས་མ་བཀྱག་པ་དང་ཅོག་ཙེའི་ཐོག་ཟས་རིགས་སྣ་ཚོགས་བསྒྲིགས་བྱུང་།
         ནོར་བུས་ང་ཚོའི་ཁྱིམ་དུ་ནང་མི་6ཡོད་པ་དང་ན་ནིང་ཟླ་8པར་ཁང་པ་གསར་པའི་ནང་སྤོས་པ་ཡིན། ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་འདིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་165ཡོད་པ་་དང་། ཚང་མ་རྡོ་བརྩིགས་རེད། ཁྱོན་ཁང་མིག་11ཡོད་ཅེས་བཤད་བྱུང་། གསར་འགོད་པས་ཁོང་ཚོའི་ཁང་པའི་ནང་མཛེས་བཟོ་དང་དོད་ཆེ་བ་དང་ཁྱིམ་ཆས་དང་གློག་ཆས་གསར་པ་བསྒྲིགས་ཡོད་པ་མཐོང་བྱུང་། སྦྱིན་བདག་གིས་མཛེས་བཟོའི་ཐད་སྒོར་ཁྲི་23བཏང་བ་ཡིན་ཞེས་བཤད་བྱུང་།
         ལོ་གསར་པའི་ནང་ཁོ་ཚོར་འཆར་གཞི་གསར་པ་ག་རེ་ཡོད་དམ། གྲོང་ཚོའི་ལས་དོན་ལ་བསམ་འཆར་ག་རེ་ཡོད་དམ་ཞེས་འདྲི་སྐབས་བགྲེས་སོང་ནོར་བུས་བསམ་བློ་གཏོང་ཞོར་དུ་བུ་མོའི་བསམ་འཆར་བསྡུ་ལེན་བྱེད་བཞིན“རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདུག གྲོང་ཚོའི་ཨུ་ལྷན་གྱིས་མི་སེར་རྣམས་ལ་ཕན་པའི་བྱ་བ་མང་པོ་སྒྲུབ་ཀྱི་འདུག་པས་རེ་བ་དང་བསམ་འཆར་གང་ཡང་མེད། བསམ་འདུན་ཆེ་ཤོས་ནི་ཚ་བོ་དང་ཚ་མོ་རྣམས་གཟུགས་པོ་བདེ་ཐང་དང་སློབ་སྦྱོང་ཡག་པོ་བྱུང་ནས་ནང་སའི་སློབ་གྲྭར་རྒྱུགས་འཕྲོད་རྒྱུ་དེ་ཡིན”ཞེས་ང་ཚོར་བཤད་པ་དང་མཇུག་ཏུ་ཁོང་གིས་ད་དུང་“འཚོ་བའི་ཐད་དངོས་གནས་སེམས་ཁྲལ་གང་ཡང་མི་འདུག ད་ལྟའི་འཚོ་བ་སྐྱིད་པོ་དེ་འདྲ་སྔོན་ཆད་བསམ་པའི་ཡུལ་ལའང་འཁོར་མ་མྱོང”ཞེས་བཤད་བྱུང་།
         ཟླ་2པའི་ཟླ་མཇུག་ཏུ་ལྷ་ས་ཁུལ་དུ་གནམ་གཤིས་དྲོ་རུ་མངོན་གསལ་དོད་པོ་ཕྱིན་ནས་དཔྱིད་ཀྱི་མེ་ཏོག་རབ་རུ་བཞད་པ་དང་ལྗོན་ཤིང་ལ་མྱུ་གུ་འབུས་འགོ་ཚུགས་ནས་དར་དམར་གྲོང་ཚོར་ཡང་དཔྱིད་ཀ་འཆར་འགོ་ཚུགས།༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུའེ་ཝུན་ཤན་དང་ལི་ཧུང་མིང་གིས།༽
      

    ཕྱོགས་བསྡུས་གསར་འགྱུར།