འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་
    ཚད་ལྡན་ཅན་དུ་གྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “སླད་ཕྱིན་སྨན་པས་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ལག་རྩལ་ཁྲག་གཏར་བའི་སྨན་བཅོས་བྱེད་ཐབས་སྤྱོད་སྐབས་ཁྲག་གཏར་བའི་ལུས་ཀྱི་གཉན་ས་དང་ཁྲག་དོན་ཚད་དང་དེ་བཞིན་ནད་རིགས་ཅི་འདྲ་ཞིག་ལ་འཚམ་མིན་ལ་གཞིགས་ཏེ་ཆ་ཚང་བའི་བཀོལ་སྤྱོད་ཚད་གཞི་ཞིག་ཡོང་རྒྱུ་ཡིན་པས། ནད་པས་ཀྱང་སྨན་པ་གསར་པའི་ཉམས་མྱོང་མི་འདང་བ་སོགས་ཀྱི་ཐད་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྲོལ་རྒྱུན་ནད་བཅོས་ལྟེ་གནས་ཀྱི་གཙོ་བཅོས་སྨན་པ་ཚེ་བརྟན་རྣམ་རྒྱལ་གྱིས་དེ་ལྟར་བཤད།
         བོད་ལུགས་གསོ་རིག་ནི་ཀྲུང་གོའི་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་ད་བར་ལོ་2300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བོད་ལུགས་གསོ་རིག་ནང་བོད་ལུགས་གསོ་རིག་སྨན་པ་རྒན་རབས་ཚོས་ལོ་སྟོང་གི་ནད་ཐོག་སྨན་བཅོས་ཉམས་ལེན་བྱས་པ་བརྒྱུད་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ཕྱི་བཅོས་སྨན་བཅོས་ལག་རྩལ་ཁག་30ལྷག་ཙམ་ཤེས་རྟོགས་ཐུབ་ཡོད། དེའི་ནང་ཁྲག་གཏར་བ་དང་། མེ་རྒྱག་པ། ལུམས་རྒྱག་པ། བྱུགས་པ་རྒྱག་པ། དུགས་རྒྱག་པ་བཅས་ཀྱི་བཅོས་ཐབས་ནི་མིག་སྔར་ནད་པར་སྨན་བཅོས་བྱེད་སྐབས་མཐོང་མང་ཤོས་དང་ཕན་ཐོགས་ཤོས་ཀྱི་བཀོལ་སྤྱོད་རང་བཞིན་ཆེ་ཤོས་ལྡན་པའི་སྨན་བཅོས་ལག་རྩལ་ཆེན་པོ་ལྔ་ཡིན་པ་རེད།
         ཚེ་བརྟན་རྣམ་རྒྱལ་གྱིས་ལག་རྩལ་དེ་དག་ལོ་སྟོང་ཕྲག་ལྷག་ཙམ་རྒྱུན་འཛིན་བྱས་ནས་ད་བར་སྨན་པས་བོད་ལུགས་གསོ་རིག་གི་རྩ་ཆེའི་གཞུང་ལུགས་《རྒྱུད་བཞིར་》གཞིགས་ནས་དེ་ཉིད་སྨན་བཅོས་བྱེད་པའི་ཚད་གཞིར་འཛིན་གྱི་ཡོད་མོད། འོན་ཀྱང་དཔེ་ཆའི་ནང་བཀོལ་སྤྱོད་བྱེད་ཕྱོགས་ཆེན་པོ་འཁོད་ཡོད་པ་ལས། བཀོལ་སྤྱོད་ཀྱི་གོ་རིམ་ཞིབ་ཚགས་པོ་མེད། བོད་ལུགས་གསོ་རིག་གི་ན་གཞོན་སྨན་པ་ཚོས་དེ་རིགས་ཀྱི་ནད་བཅོས་བྱེད་ཐབས་སྤྱོད་སྐབས་རྒྱུན་འཛིན་དགེ་རྒན་གྱི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལ་གཞིགས་རྒྱུ་ལས་མེད་སྟབས། ཚད་དང་དེ་ཙམ་མཐུན་གྱི་མེད་ཅེས་བཤད།
         དེར་བརྟེན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་2015ལོར་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ལག་རྩལ་གདམ་གསེས་དང་ཚད་ལྡན་ཅན་བཟོ་བའི་ཞིབ་འཇུག་ལས་དོན་སྤེལ་འགོ་བཙུགས་ཡོད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱལ་ཁབ་མི་རིགས་གསོ་རིག་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞིའི་གཞུང་ལས་ཁང་གི་ཀྲུའུ་རེན་བུ་ཆུང་ཚེ་རིང་གིས་《རྒྱུད་བཞིའི་》རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ཏེ་ནད་རྟགས་མི་འདྲ་བ་དང་ལུས་ཀྱི་གཉན་ས་ཚང་མའི་བཅོས་ཐབས་གཞིར་བཟུང་མིག་སྔར་ཞིབ་ཚགས་ལ་གོ་རིམ་ལྡན་པའི་སྒོ་ནས་ཁྲག་གཏར་བ་དང་། མེ་རྒྱག་པ། ལུམས་རྒྱག་པ་སོགས་སྨན་བཅོས་ལག་རྩལ་ལྔའི་ཚད་ལྡན་བཀོལ་སྤྱོད་བྱེད་སྲོལ་78བཟོས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།