འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའུ་ནས་རྔ་པ་བར་གྱི་མཛེས་ལྗོངས་སྤུས་དག་མནའ་འབྲེལ་ཐུན་མོང་ཐོག་བཙུགས་
    ཏེ་ཁྲོན་ནུབ་ཡུལ་སྐོར་བར་ཁྱམས་རྩེ་གྲ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁྲེང་ཏུའི་ཏུའུ་ཅང་གཡན་ནས་རྔ་པ་བར་གྱི་ས་ཁོངས་ཡུལ་སྐོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་སྐོར་དམིགས་ས་ཐུན་མོང་ཐོག་སྐྲུན་ཆེད། 2016ལོའི་ལོ་གསར་ནས་འགོ་ཚུགས་ཏེ། གཟི་ཚ་སྡེ་དགུའི་མཛེས་ལྗོངས་དོ་དམ་ཅུས་དང་། ཆིང་ཁྲེང་རི་བོ་ནས་ཏུའུ་ཅང་གཡན་བར་གྱི་ཡུལ་སྐོར་མཛེས་ལྗོངས་དོ་དམ་ཅུས། ཧོང་ལུང་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་དོ་དམ་ཅུས། རྔ་པ་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་ཐུན་མོང་ཐོག“ཀྲུང་གོའི་ཡུལ་སྐོར་བར་ཁྱམས་མཛེས་ཤོས་སུ་ལྷན་འཛོམས་བྱེད”དང་ཀྲུང་གོའི་སྤུས་དག་མཛེས་ལྗོངས་(གཉེར་འཚོང)མནའ་འབྲེལ་གྱི་2016ལོའི་རིམ་སྤེལ་བྱེད་སྒོ་བཏོན་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་གཉེར་འཚོང་བྱེད་སྒོ་དེས“2016ལོའི་ཀྲུང་གོ་གཟི་ཚ་སྡེ་དགུའི་སྐབས་བཅུ་གཅིག་པའི་རྒྱལ་སྤྱིའི་ཐུར་ཆགས་འཁྱགས་རོམ་ཡུལ་སྐོར་དུས་ཆེན”བརྗོད་དོན་གཙོ་བོར་བྱེད་པ་དང་དོམ་ཁྲ་གཟུགས་བརྙན་ཕོ་ཉར་བྱས་ཏེ་ཁྲེང་ཏུའི་དབན་ཏ་གྲོང་དང་། དོམ་ཁྲའི་རོང་། སུང་ཕན་གནའ་གྲོང་སོགས་ནས་མཐའ་མའི་ཡུལ་སྐོར་དམིགས་ས་གཟི་ཚ་སྡེ་དགུ་བར་འབྲེལ་མཐུད་ནས“ཀྲུང་གོའི་སྤུས་དག་ཡུལ་སྐོར་ལམ་ཐིག”གི་སྦྲེལ་ཐག་སྐྲུན་རྒྱུ་ཡིན་པ་རེད།
         བྱེད་སྒོ་དེའི་ནང་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། གསུམ་བརྒྱད་བུད་མེད་དུས་ཆེན་སོགས་དུས་ཆེན་གལ་ཆེན་ཁྱབ་ཡོད་པ་དང་མཛེས་ལྗོངས་ཁུལ་ཁག་གིས་རང་འགན་གཙང་སྒྲུབ་དང་སེམས་ནུས་གཅིག་སྒྲིལ་བྱེད་པ་དང་འབྲེལ་དེའི་དམིགས་ཡུལ་གཙོ་བོ་ནི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་སྟངས་བརྒྱུད། མི་ཚོགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་ཁྲོན་ནུབ་ཀྱི་ཡུལ་སྐོར་མཛེས་ལྗོངས་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་ཁྱབ་གདལ་གཏོང་རྒྱུ་དེ་ཡིན། བྱེད་སྒོ་དེ་2016ལོའི་ཟླ་4བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་ཁག་དང་དྲ་ཚིགས་དང་དེ་བཞིན་རྔ་པ་ཡུལ་སྐོར་དྲ་བ་ནས་ཤེས་རྟོགས་བྱེད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།