འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བྱེད་ཐབས་གསར་གཏོད་ཀྱིས་དབུལ་སྒྲོལ་དམ་འཛིན་བྱེད། བློ་གཅིག་སེམས་གཅིག་གིས་
    དམངས་ལ་མིག་དཔེ་བསྟན།

    —— “ཀྲུང་གོའི་དབུལ་སེལ་བྱ་དགའ”ཐོབ་མཁན་ཚེ་དཔལ་གྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་31ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བྱེད་ཐབས་གསར་གཏོད་ཀྱིས་དབུལ་སྒྲོལ་དམ་འཛིན་བྱེད། བློ་གཅིག་སེམས་གཅིག་གིས་
དམངས་ལ་མིག་དཔེ་བསྟན།
         བོད་ལྗོངས་ཤན་རྩ་རྫོང་སྨད་པ་ཤང་གི་གྲོང་ཚོ་ལྔ་པ་དེ་བྱང་རྩྭ་ཐང་གི་དབུས་སུ་གནས་ཡོད་ཅིང་། ལོ་ལྔའི་གོང་ཤང་དེ་ནི་དུད་ཚང་དབུལ་པོ་མང་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན། སྨད་པ་ཤང་གི་གདན་ཞུས་ལས་བྱེད་པ་ཚེ་དཔལ་གྱི་མིག་ལ་དེ་དག་མཐོང་སྐབས་སེམས་སུ་སྐྱོ་ལྷང་ལྷང་ཞིག་འཆར་བ་དང་། ཁོང་གིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་ཁྲིད་སྟོན་བྱས། ཚེ་དཔལ་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པར་བརྟེན་2015ལོའི་ཀྲུང་གོའི་དབུལ་སེལ་བྱ་དགའི་སེམས་འགུལ་བྱ་དགའ་ཐོབ། ཚེ་དཔལ་གྱིས“དེ་ནི་གཟི་བརྗིད་ཁོ་ན་མིན་པར་འགན་འཁྲི་ཞིག་ཀྱང་ཡིན”ཞེས་བཤད་པ་རེད།
         གྲོང་ཚོ་ལྔ་པའི་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཙམ་ཡོད་པ་དང་ཐག་རིང་ལུང་ཁུག་ཏུ་གནས་པས། འགྲིམ་འགྲུལ་སྟབས་མི་བདེ་བ་དང་རྨང་གཞིའི་ཆ་རྐྱེན་ཞན་པར་བརྟེན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དབུལ་པོ་དང་རྗེས་ལུས་ཡིན་པ་རེད། ཇི་ལྟར་བྱས་ནས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་དང་དོན་དངོས་དང་འཚམ་པའི་དབུལ་སྒྲོལ་རྣམ་གྲངས་ཞིག་འཚོལ་དགོས་སམ།
         བསམ་བློ་ཞིབ་ཚགས་བཏང་བ་དང་གྲོང་མིའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་རྗེས། ཚེ་དཔལ་གྱིས་གྲོང་ཚོའི་དུད་ཚང་དབུལ་པོ་ཚང་མ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་རང་མོས་ངང་ཞུགས་པའི་རྣམ་པའི་ཐོག་ནས་དབུལ་སྐྱོར་རོགས་རེས་རྩ་འཛུགས་གཅིག་བཙུགས་པ་དེ་ནི་གྲོང་ཚོ་ལྔ་པའི་དབུལ་སྐྱོར་རོགས་རེས་ཁང་ཡིན་པ་དང་འབྲེལ་གྲོང་མིར“མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། ཚང་མ་ཕྱུག་པོ་ཆགས་ན་ཕྱུག་པོ་ཡིན”ཞེས་སྐད་གསང་མཐོན་པོས་འབོད་ཚིག་བསྒྲགས་པ་རེད།
         འདུ་ཤེས་རྗེས་ལུས་ཡིན་པའི་རྐྱེན་གྱིས་གྲོང་མི་ལ་ལ་མཉམ་ལས་ཁང་ལ་ཞུགས་པར་ཐེ་ཚོམ་སྐྱེ་ཡི་ཡོད། དེར་བརྟེན་ཚེ་དཔལ་གྱིས་ཁོང་ཚོར་བསམ་བློའི་སློབ་གསོ་བརྒྱབ་པ་དང་ལྷག་བསམ་ཟོལ་མེད་ཀྱི་སློབ་གསོ་བརྒྱབ་པར་བརྟེན་གྲོང་ཚོ་དེའི་དུད་ཚང་66ལས་དུད་ཚང་15མཉམ་ལས་ཁང་ལ་ཞུགས་པ་རེད།
         རོགས་རེས་ཁང་ལ་མི་ཡོད་ཀྱང་ལས་དོན་སྤེལ་བའི་མ་དངུལ་མེད། མང་ཚོགས་ཚོ་བློ་མི་ཕམ་པ་བྱ་ཆེད། ཚེ་དཔལ་གྱིས་སྣེ་ཁྲིད་དེ་མ་དངུལ་བཏོན་པ་དང་དུས་མཚུངས་གང་སར་བསྐྱོད་པ་དང་གོང་རིམ་ཚན་པ་ཁག་གི་འགོ་ཁྲིད་བཙལ་པ་དང་གཤམ་གྱི་གྲོང་ཚོ་གཅིག་པའི་གཉེན་ཉེ་བཙལ་མཐར་ལས་དོན་སྤེལ་བའི་མ་དངུལ་སྒོར་6000རག་ཙམ་བྱུང་བ་རེད།
          རོགས་རེས་ཁང་གིས་དངུལ་དེ་དག་སྤྱད་དེ་སྔོན་ལ་འདྲུད་འཐེན་འཕྲུལ་འཁོར་གཉིས་ཉོས་ནས་གྲོང་ཚོའི་སྐྱེལ་འདྲེན་གྱི་དཀའ་ངལ་སེལ་བ་དང་དེ་རྗེས་ཨར་ལས་རུ་ཁག་སྒྲིག་འཛུགས་བྱས་ནས་ས་གནས་དེ་གར་ལྷས་རྭ་ཉམས་བཟོ་དང་སོ་ཕག་རྒྱག་པ་སོགས་འགན་གཙང་བླངས་པ་རེད། ད་དུང་ཚེ་དཔལ་གྱིས་མཉམ་ལས་ཁང་གི་སྣེ་ཁྲིད་དེ་སྦག་སྦག་ཉམས་བཟོ་ཁང་ཞིག་བཙུགས་ནས་གྲོང་ཚོར་གསོ་སྦྱོང་བྱ་རྒྱུར་སྤྲད་རྗེས་དུད་ཚང་དབུལ་པོར་རེས་སྐོར་གཉེར་སྐྱོང་བྱེད་དུ་བཅུག་པ་རེད།
         གཞན་ཡང་ཚེ་དཔལ་གྱིས་ད་དུང་གང་སར་བསྐྱོད་དེ་གྲོང་ཚོར་ཕྱོགས་གང་ཅིའི་ཐད་ཀྱི་སྲིད་ཇུས་ཀྱི་མ་དངུལ་རྒྱབ་སྐྱོར་ཐོབ་ཐབས་བྱས། རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་སྔ་རྗེས་སུ་གྲོང་ཚོར་མ་མོ་གཡར་བ་དང་སྐྱིན་ཚབ་སྤྲོད་པའི་རྣམ་གྲངས་དང་། སྔོ་ཚལ་དྲོད་ཁང་གི་རྣམ་གྲངས། དབུལ་སྐྱོར་ཚོང་ཁང་བཅས་དང་དེ་བཞིན་མི་རིགས་ལག་ཤེས་བཟོ་ལས་དང་གྱོན་ཆས་ལས་སྣོན་སོགས་ཀྱི་རྣམ་གྲངས་གཉེར་རྒྱུར་རོགས་སྐྱོར་བྱས་པ་རེད།
        ལོ་ཤས་ནང་འཕེལ་རྒྱས་ཕྱིན་པ་བརྒྱུད་དབུལ་སྐྱོར་རོགས་རེས་རྩ་འཛུགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་དུད་ཚང་དབུལ་པོ་35དེར་ཞུགས་ཡོད་པ་རེད། ད་ཆ་རོགས་རེས་ཁང་གིས་ཞུགས་མཁན་དུད་ཚང་གི་འཇོན་ནུས་དང་ཁྱད་ཆོས་ལ་གཞིགས་ནས་འབེན་ཡོད་སར་མདའ་འཕངས་ཏེ་ལ་ལ་ལག་ཤེས་བསླས་འཐག་ལས་གཉེར་དང་། ལ་ལ་སྔོ་ཚལ་འདེབས་འཛུགས། ལ་ལ་གླ་པར་གཏོང་བ་བཅས་རང་སོ་སོའི་ཁྱད་ཆོས་དང་འཇོན་ཐང་ངོམས་སུ་འཇུག་གི་ཡོད།
         ཚེ་དཔལ་གྱི་སྣེ་ཁྲིད་འོག་གྲོང་མིའི་བསམ་བློའི་འདུ་ཤེས་ལ་ཡང་འགྱུར་ལྡོག་བྱུང་སྟེ་གཞན་བརྟེན་ནས་རང་བརྟེན་བར་དང་དོགས་པ་ཟ་བ་ནས་ཡིད་ཆེས་བྱེད་པའི་བར་འགྱུར་ལྡོག་ཕྱིན་ཞིང་། དབུལ་སྐྱོར་རོགས་རེས་རྩ་འཛུགས་ཀྱང་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཞིང་། མིག་སྔར་ལོ་ལྟར་དངུལ་སྨར་དང་ཕྱུགས་ཟོག་ཐོན་རྫས་སྒོར་ཁྲི་1.5རི་བ་བགོ་འགྲེམས་བརྒྱབ་པ་དང་། མཉམ་སྡེབ་དངུལ་སྨར་སྒོར་ཁྲི་5.7ལྷག་ཙམ་ཟིན་པ། གཏན་འཇགས་རྒྱུ་ནོར་དངུལ་ལ་ཕབ་ན་སྒོར་ཁྲི་50ལྷག་ཙམ་ཟིན་པ་བཅས་རེད།
         ཚེ་དཔལ་གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་བསྔགས་བརྗོད་ཐོབ་ཅིང་། ཚེ་དཔལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་སེམས་ལ་བཞག་ནས་དུད་ཚང་དབུལ་པོ་སྣེ་ཁྲིད་དེ་“རོགས་རེས་མཉམ་ལས་དང་། གཅིག་སྡུད་འཕེལ་རྒྱས། ཐོན་ལས་སྐུལ་ཁྲིད། འབྲོག་ལས་རྨང་གཞི”བཅས་ཀྱི་དབུལ་སྒྲོལ་གྱི་ལམ་བུ་གསར་པ་ཞིག་གི་སྣེ་ཁྲིད་དེ་ཤན་རྩ་རྫོང་གི་དབུལ་སྐྱོར་དང་དབུལ་སྒྲོལ་ལས་དོན་ལ་མིག་དཔེ་ཞིག་བསྟན་ཡོད་ཅེས་ཤན་རྩ་རྫོང་གི་རྫོང་དཔོན་གཞོན་པ་བཀྲ་ཤིས་ཀྱིས་བཤད།
         འོན་ཀྱང་ཚེ་དཔལ་གྱིས་དེར་ཡིད་ཚིམ་ནས་མི་སྡོད་པར་ཁོང་གིས་དེ་རྗེས་དེ་བས་ཆེ་བའི་སྤྲོ་སེམས་འཆང་ནས་གྲོང་མིར་ཞབས་འདེགས་ཞུ་བ་དང་གྲོང་མི་དེ་བས་མང་བ་སྔ་ཙམ་དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།
    ༄༅།།བྱེད་ཐབས་གསར་གཏོད་ཀྱིས་དབུལ་སྒྲོལ་དམ་འཛིན་བྱེད། བློ་གཅིག་སེམས་གཅིག་གིས་
དམངས་ལ་མིག་དཔེ་བསྟན།
      

    ཕྱོགས་བསྡུས་གསར་འགྱུར།