འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་ས་ཡོམ་བརྒྱབ་པ་ལས་བོད་ལྗོངས་སུ་ཡོམ་ཚོར་ཆེན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་06ཉིན། 17:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་4ཉིན་གྱི་ཐོ་རེངས་སུ་རྒྱ་གར་ལ་ས་ཡོམ་རིམ་པ་6.5བརྒྱབ་ནས་བོད་ལྗོངས་སུ་ཁྱོམ་ཐེབས་ཡོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ད་རེས་ས་ཡོམ་ལས་གཙོ་བོ་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཁྱོམ་ཐེབས་ཤིང་། ཉིང་ཁྲི་དང་། ལྷོ་ཁ། ཆབ་མདོ། ལྷ་ས་སོགས་སུ་ཡོམ་ཚོར་ཅུང་ཆེན་པོ་བྱུང་བ་དང་། དེའི་ནང་རྫ་ཡུལ་རྫོང་དང་། མེ་ཏོག་རྫོང་། སྤོ་བོ་རྫོང་སོགས་ཀྱི་མང་ཚོགས་ལ་ཡོམ་ཚོར་ཆེན་པོ་བྱུང་ཡང་ཤི་རྨས་བྱུང་བའི་སྙན་ཞུ་འབུལ་མཁན་ད་བར་བྱུང་མེད་པ་རེད།
         ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བའི་ལྟེ་བའི་དྲ་ཚིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་1ཚེས་4ཉིན་གྱི་ཆུ་ཚོད་བདུན་དང་སྐར་མ་ལྔ་རུ་རྒྱ་གར་ལ་ས་ཡོམ་རིམ་པ་6.5བརྒྱབ་པ་དང་། ཡོམ་ལྟེ་གནས་ཡུལ་ནི་བྱང་གི་འཕྲེད་ཐིག་ཏུའུ་24.81དང་ཤར་གྱི་གཞུང་ཐིག་ཏུའུ་93.58སར་ཡིན་པ། ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་60.0ཟིན་ཡོད་པ་རེད།
         བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དེ་ཉིད་ས་ཡོམ་རྒྱག་ཡུལ་དང་ཐག་ཉེ་ཙམ་ཡོད་ཅིང་། རྫོང་དེའི་རྫོང་དཔོན་བཀྲ་ཤིས་ཀྱིས་ཁ་པར་ནང་གསར་འགོད་པར་ས་ཡོམ་རྒྱག་སྐབས་མེ་ཏོག་རྫོང་དུ་ཡོམ་ཚོར་ཧ་ཅང་ཆེན་པོ་འདུག མིག་སྔར་རྫོང་སྲིད་གཞུང་གིས་ཁ་པར་བརྒྱུད་ཤང་གྲོང་ཁག་ལ་གནོད་འཚེ་གང་བྱུང་མིན་མགྱོགས་ནས་མྱུར་དུ་ཞིབ་དཔྱད་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད་ཅེས་བཤད།
         གསར་འགོད་པས་རྩོམ་ཡིག་དེ་གཏོང་སྤེལ་བྱེད་སྐབས་ད་བར་བོད་དུ་མི་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པའི་སྙན་ཞུ་འབུལ་མཁན་བྱུང་མེད་པ་དང་གནས་ཚུལ་གཞན་དག་སྔར་ལས་ལྷག་པའི་སྒོ་ནས་ཤེས་རྟོགས་དང་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།