འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་ས་ཁུལ་དང་མི་རིགས་
    གཅིག་ཀྱང་ལུས་མི་རུང”སི་ཁྲོན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས
    “ཞན་ཆ”ཁྱད་བསད་ཀྱིས་དབུལ་ཕོངས་སེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ས་ཁུལ་གཅིག་གི་དབུལ་ཕོངས་དང་དེའི་རང་བྱུང་ཐོན་ཁུངས་དང་། མི་རིགས་ཆོས་ལུགས། སྤྱི་ཚོགས་བཅོས་སྐྱོང་། དུག་རྫས་དང་ཐ་ན་ཨེ་ཙིའི་གནད་དོན་སོགས་དང་འདྲེས་པའི་དུས་སུ་དབུལ་སྐྱོར་འགག་སྒྲོལ་གྱི་དམིགས་བསལ་རང་བཞིན་དང་དཀའ་ངལ་རང་བཞིན་ཆེ་བ་ནི་ཤོད་མི་དགོས་པ་ཞིག་རེད”ཅེས་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེ་མོ་ཀུའོ་ཞའོ་མིང་གིས་བརྗོད།
         སི་ཁྲོན་ཞིང་ཆེན་གྱི་ལེའང་ཧྲན་ས་ཁུལ་ལ་དུས་བབ་ཛ་དྲག་དེ་ལྟ་བུ་འཕྲད་བཞིན་ཡོད། ‘ཁང་གསུམ’རི་ཡི་སུལ་དུ་བརྒྱབ། ཉལ་ཁྲི་ཉལ་ཆས་མེད་པར་ཉལ། ཁང་གོག་ནང་དུ་མེ་ཐབ་བསྲོ”ཞེས་པའི་དམངས་གླུ་དེ་ནི་ཀུན་གྱིས་རྟོགས་ཤིང་། ས་གཞི་ཡངས་པོ་དེ་གར་ལོ་ངོ་སྟོང་ཕྲག་རིང་དབུལ་ཕོངས་དང་རྗེས་ལུས་ཉིད་དམ་དུ་འཁྱུད་པ་ལྟར་གནས་ཡོད་པ་རེད།
         ད་ཆར་ལེའང་ཧྲན་ས་ཆ་ཉིད་སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དུ་གྱུར་པ་དང་། དབྱིས་རིགས་ཀྱི་ལོ་གསར་བཏང་མ་ཐག་ཡིན་པ་དང་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་མེ་ཀུའུ་རྫོང་པ་ཕུའུ་ཀེང་ཙེ་གྲོང་ཚོའི་བུད་མེད་ཨ་ཙུའོ་ཅི་ལུའོ་ཡི་མིག་ཆུ་ཤོར། “ཐབ་ཚང་དང་སྡོད་ཁང་ལོགས་སུ་དབྱེ་བ་དང་། མགྲོན་པོ་དང་བདག་པོ་ལོགས་སུ་དབྱེ་བ། མི་ཕྱུགས་ལོགས་སུ་དབྱེ་བ། ཁང་པ་དཀར་ཆ་དོད་ལ་ཆུ་ཡང་ཡོད”ཨ་ཙུའོ་ཅི་ལུའོ་སེམས་འགུལ་ཐེབས་པ་དང་ལོ་40ཡི་རིང་རེ་སྒུག་བྱས་མཐར་གཞི་ནས་ཁོ་མོ་ཕྱུགས་ཟོག་དང་མཉམ་དུ་སྡོད་མི་དགོས་པར་གྱུར།
        2011ལོ་ནས་བཟུང་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་40ལྷག་བཏང་ནས་དབུལ་སྐྱོར་བྱས་པ་དང“དབྱིས་ཁྱིམ་མཁར་གསར”ལས་དུད་ཁྱིམ་ཁྲི་4.6གི་མི་ཁང་གསར་དུ་སྡོད་ཐུབ་པར་གྱུར། “གོམ་སྟབས་གཅིག་མཚུངས་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ས་ཁུལ་དང་མི་རིགས་གང་ཡང་གཏན་ནས་ལུས་མི་རུང”ཞེས་སི་ཁྲོན་ཞིང་ཨུད་ཀྱིས་ཁས་ལེན་གཟབ་ནན་བྱས་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་སི་ཁྲོན་གྱི་གྲོང་གསེབ་མི་འབོར་དབུལ་པོ་ཉིད་2010ལོའི་ལོ་མཇུག་གི་མི་ཁྲི་1356.76ནས་2015ལོའི་ལོ་མཇུག་གི་མི་ཁྲི་380ཙམ་དུ་ཇེ་ཉུང་དུ་སོང་ནས་རིམ་རྩིས་བྱས་ན་དབུལ་པོ་མི་ཁྲི་1000ཙམ་ཉུང་དུ་བཏང་བ་དང་། དབུལ་པོར་འགྱུར་ཚད་20.41%ནས་6%ཙམ་དུ་ཆག་པ་དང་ཆག་ཚད་བརྒྱ་ཆའི་གནས་14ལས་བརྒལ་ཡོད།
         “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་བར་ལོ་5ལས་མེད། ང་ཚོའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ”ཞེས་སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གནས་སྤོ་མི་སེར་ཅུས་ཀྱི་ཅུས་ཀྲང་ཀྲང་ཀུའུ་ཡིས་བཤད།
         2014ལོའི་ལོ་མཇུག་བར་སི་ཁྲོན་གྲོང་གསེབ་ཀྱི་མི་འབོར་དབུལ་པོས་སྔར་བཞིན་རྒྱལ་ཡོངས་ཀྱི་7.1%ཟིན་པ་དང་གྲོང་ཚོ་དབུལ་པོའི་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་9%ཟིན་ཡོད། དེའི་ནང་ལེའང་ཧྲན་དབྱིས་ཁུལ་དང་། ཆིན་པ་རི་ཁུལ། ཝུའུ་མེང་རི་ཁུལ། ས་མཐོའི་བོད་རིགས་ས་ཁུལ“ཡུག་ཁུལ་ཆེ་བ་བཞི”ལ་རྫོང་དབུལ་པོ་88ཡོད་ལ་མི་འབོར་དབུལ་པོ་ཁྲི་335.13ཡོད་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་སྤྱི་འབོར་གྱི་67.3%ཟིན་པ། “ཡུག་ཁུལ་ཆེ་བ་བཞི”ཕུད་ད་དུང“མེ་ཏོག་འཛུགས་པ་ལྟ་བུའི”མི་འབོར་དབུལ་པོ་ཁྲི་162.52ཡོད་པ་རེད།
         དེར་བརྟེན་སི་ཁྲོན་གྱིས་དབུལ་སྒྲོལ་གྱི་དམིགས་འདུན་དེ“ལོ་ལྔ་ཚན་བཅུ་གསུམ”ལ་ལྡིར་ཡོད། ཟླ་གོང་མར་སི་ཁྲོན་གྱིས་《རྫོང་དབུལ་པོའི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དཔྱད་ཞིབ་བྱེད་ཐབས་》བཏོན་ནས་དབུལ་སྐྱོར་གྲུབ་འབྲས་དེ་སི་ཁྲོན་གྱི་རྫོང་དབུལ་པོའི་ལས་བྱེད་པ་འོས་འདེམས་བསྐོ་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་དུ་འགྱུར་རྒྱུ་ཡིན་པ་ཁ་གསལ་བཟོས་པ་རེད།
         བྱེད་ཐབས་བཏོན་ནས་ཉིན་འགའི་རྗེས་སུ་ཏ་ཀྲོའུ་གྲོང་ཁྱེར་གྱིས་ལག་ལེན་དངོས་ཀྱི་ཐོག་ནས་ལས་འགན་ལག་བསྟར་ཞན་པའི“ཧྲུའུ་ཅི་དང་པོ”241ཕྱིར་འགུག་དང་ལེགས་སྒྲིག་བྱས་པ་མ་ཟད། རྫོང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་18འཐབ་ཕྱོགས་དང་པོའི་འཐབ་འཛིང་ལྟ་སྐུལ་ལ་མངགས་ཡོད། ཏ་ཀྲོའུ་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཅན་གྱིས“བཙོངས་པའི་ཚོང་ཟོག་ཚད་མཐུན་མིན་ཚེ་བཟོ་གྲྭས་ཕྱིར་འགུག་བྱེད་དགོས། གཤམ་མངགས་བྱས་པའི་ལས་བྱེད་པ་འོས་འཚམ་མིན་ན་ཡང་རྩ་འཛུགས་ཀྱིས་ཕྱིར་འགུག་བྱེད་དགོས”ཞེས་བཤད།
         དེ་དང་ཆབས་ཅིག་སི་ཁྲོན་དུ་སྔར་བཞིན“ཧྲུའུ་ཅི་ཨང་དང་པོ”ཁྲི་1.5ཡིས་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་ཡོད་པ་རེད། “སླད་ཕྱིན་ང་ཚོས་ཧྲུའུ་ཅི་ཨང་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་རོགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྣམ་གྲངས་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་གྲོང་ཚོ་དང་དུད་ཁྱིམ་དུ་དོན་འཁྱོལ་བྱས་ཐོག‘སུ་ལ་རོགས་སྐྱོར་བྱེད’དང‘སུས་རོགས་སྐྱོར་བྱེད’‘ཇི་ལྟར་རོགས་སྐྱོར་བྱེད’‘ཇི་ལྟར་ཕྱིར་འཐེན་བྱེད’བཅས་སྔར་བས་ཁ་གསལ་བཟོ་དགོས”ཞེས་ཀྲང་ཀུའུ་ཡིས་བཤད།
         ཟླ་འདིའི་ཟླ་སྟོད་དུ་སི་ཁྲོན་གྱིས་ད་དུང་ཏང་སྲིད་འགོ་ཁྲིད་གཙོ་བོའི་ཙུའུ་ཀྲང་གཉིས་ཀྱིས་འགན་འཁུར་བའི་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། རིམ་པ་བཞིན་དབུལ་སྒྲོལ་འགན་འཁྲི་ཡི་གེ་བཞག་པ་དང་འགག་སྒྲོལ་གྱི་དམག་བཀའ་ལྟར་བསྒྲུབ་རྒྱུའི་ཁག་ཐེག་ཞུ་ཡིག་བཟོས་ཡོད། ཡུལ་དེ་གས་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་(ཚན་པ)གྱིས་རྫོང་དབུལ་པོ་88ལ་འབྲེལ་བ་དང་མཛུབ་ཁྲིད་བྱེད་པའི་ལས་ཀའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རྫོང་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་པ། ཡིག་ཚགས་དང་གཱ་བཟོ་བའི་དུད་ཚང་དབུལ་པོའི་བསྐྱར་ཞིབ་ཞིབ་བཤེར་དང་ཆ་འཕྲིན་ལྟ་བསྡུར་ནན་པོ་བྱས་པ་མ་ཟད“དྲུག་ཡོད་པ”སྟེ་དུད་ཚང་ལ་གཱ་ཡོད་པ་དང་། གྲོང་ཚོར་དེབ་ཡོད་པ། ཤང་དུ་ཐོ་ཡོད་པ། རྫོང་དུ་ཡིག་ཚགས་ཡོད་པ། གྲོང་ཁྱེར་དུ་ཤོག་དྲིལ་ཡོད་པ། ཞིང་ཆེན་དུ་མཛོད་ཡོད་པ་བཅས་སྒྲུབ་ཐུབ་པར་བྱས་ཡོད།
         སི་ཁྲོན་ཕིང་ཝུའུ་རྫོང་བོད་དམག་བོད་རིགས་ཤང་ཡ་ཀྲེ་ཙའོ་ཙུའུ་གྲོང་ཚོར་ཡའོ་ཞུང་ཙའོ་དང་ཁོ་མོའི་ཕྲུ་གུ་3ཚང་མ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། བཟའ་ཟླ་ནད་ཀྱིས་འདས་ཁར། བུ་ལོན་མང་བ་དང་འཚོ་བའི་དཀའ་སྡུག་ཡོངས་བོད་རིགས་བུད་མེད་དེའི་གདོང་ལ་མངོན་འདུག ཡུལ་སྐོར་དབུལ་སྐྱོར་ལས་ཐོབ་པའི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་4ལ་བརྟེན་ནས་ཡའོ་ཞུང་ཙའོ་ཡིས་གྲོང་ཚོའི་ནང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད། ད་ལོའི“རྒྱལ་སྟོན་དུས་ཆེན”གྱི་རྫོགས་ལྡན་སྤྲོ་གསེང་གཟའ་འཁོར་རིང་ཁོ་མོས་སྒོར་3000གི་ཡོང་འབབ་བསགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སི་ཁྲོན་གྱིས“ཁག་གཅིག་རེ་ལྔ”ཡི་དབུལ་སྒྲོལ་བྱ་སྤྱོད་འཆར་གཞི་དང་དབུལ་སྐྱོར་ཆེད་དོན་ཇུས་གཞི་10དོན་འཁྱོལ་བྱས་ནས་ལོ་ལྟར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་100ཙམ་ཉུང་དུ་བཏང་སྟེ་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་དབུལ་ཕོངས་སེལ་རྒྱུ་དང་། མི་འབོར་དབུལ་པོ་ཁྲི་380ཚང་མ་དབུལ་སྒྲོལ་བྱ་རྒྱུ། གྲོང་ཚོ་དབུལ་པོ་11501དང་རྫོང་དབུལ་པོ་88ཀྱི“དབུལ་པོའི་ཞྭ་མོ”འབུད་རྒྱུ་བཅས་ལ་གཞོལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།