འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོ་ཁུལ་དུ་གད་སྙིགས་བསྲེག་ནས་གློག་གཏོང་བའི་བཟོ་གྲྭ་དང་པོ་དེ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དང་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་ཀུང་སིས་འཚོ་བའི་གད་སྙིགས་མེར་བསྲེག་གློག་གཏོང་གི་དམིགས་བསལ་གཉེར་སྐྱོང་(BOT)གྲོས་མཐུན་བཞག་ནས་ཕྱོགས་གཉིས་པོས་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་ཡུལ་ཤུལ་དུ་གད་སྙིགས་མེར་བསྲེག་གློག་གཏོང་རྣམ་གྲངས་དང་པོ་དེ་འཛུགས་རྒྱུ་ཡིན་པ་རེད།
         ཡུལ་ཤུལ་ཧྲེང་ཡུན་གད་སྙིགས་མེར་བསྲེག་གློག་གཏོང་གི་དུས་ཐེངས་དང་པོའི་རྣམ་གྲངས་ལས་ཡུན་ཟླ་བ་20ཡིན་པ་དང་བསྐྲུན་རྗེས་ལོ་ལྟར་འཚོ་བའི་གད་སྙིགས་ཏུན་ཁྲི་10ཙམ་གནོད་མེད་ཐག་གཅོད་ཐུབ་ནས་ཡུལ་ཤུལ་གྲོང་ཁྱེར་དང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་བཅས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་ཐུབ་རྒྱུ་རེད། དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་རྗེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲོང་ཁྱེར་དང་རྫོང་དྲུག་གི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་ཐུབ་རྒྱུ་ཡིན་ཞིང་། ཡུལ་ཤུལ་གྱི་ཧྲི་ཀྲང་བཀྲ་ཤིས་ཚེ་རིང་གིས། དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་རྗེས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་2000ལོན་རྒྱུ་ཡིན་པས་ཡུལ་ཤུལ་གྱི་ཡུལ་མིའི་འཚོ་བའི་གློག་མི་འདང་བའི་གནས་ཚུལ་ནུས་ལྡན་ངང་ཡང་དུ་འགྲོ་རྒྱུ་ཡིན་པ་དང་། གློག་ནུས་གཙང་མས་རྡོ་སོལ་གྱི་ཚབ་བྱེད་པ་དང་ཉེ་འདབས་ས་ཁོངས་སུ་དྲོད་རླངས་མཁོ་འདོན་བྱས་ནས་རླུང་ཁམས་ཆེ་མོའི་སྦགས་བཙོག་དང་མེ་ཐབ་ཀྱི་སྦགས་བཙོག་ཆུང་དུ་འགྲོ་རྒྱུ་རེད། གློག་གཏོང་བཟོ་གྲྭས་ད་དུང་བཙོག་ཆུ་གཙང་བཅོས་བཟོ་གྲྭའི་སྦགས་དམ་སོགས་གད་སྙིགས་མེར་བསྲེག་བཏང་སྟེ་སྦགས་བཙོག་ཐེངས་གཉིས་པ་ཆུང་དུ་གཏོང་ཐུབ་། ཕྱིས་སུ་ད་དུང་འཛུགས་སྐྲུན་རྒྱུ་ཆའི་བཟོ་གྲྭ་འཛུགས་རྩིས་ཡོད་པ་དང་མེར་བསྲེག་བཏང་རྗེས་ཀྱི་བསྲེག་རོས་འཛུགས་སྐྲུན་གྱི་སོ་ཕག་བཟོས་ནས་ཐོན་ཁུངས་སྐོར་སྐྱོད་ངང་བེད་སྤྱོད་བྱས་ནས་སྣོད་བཅུད་སྲུང་སྐྱོང་དེ་བས་ལེགས་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།