འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གནའ་མིའི་རྗེས་ཤུལ་སྤྱི་གླིང་ཐོག་མ་དེའི་གནའ་ཤུལ་སླར་གསོའི་ལས་
    དོན་ལེགས་གྲུབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་བའི་བོད་ལྗོངས་ཀྱི་གནའ་མིའི་རྗེས་ཤུལ་སྤྱི་གླིང་ཐོག་མ་སྟེ། ཁ་རུབ་གནའ་ཤུལ་སྤྱི་གླིང་གི་གནའ་ཤུལ་སླར་གསོ་དང་། གནའ་ཤུལ་གྱི་བེད་མེད་སྙིགས་རོ་གཙང་སེལ། གྱང་སྐོར་བརྟན་གཏོང་ཉམས་གསོ་སོགས་ཀྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་དང་གོམ་སྟབས་རྗེས་མར་གནའ་ཤུལ་འགྲེམས་སྟོན་ཁུལ་དང་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་གླིང་བསྐྲུན་རྒྱུ་ཡིན་པ་རེད།
         ཁ་རུབ་གནའ་ཤུལ་དེ་གྲོང་ཁྱེར་དེའི་ཁ་རུབ་ཆུས་ཀྱི་ལྷོ་ངོས་སུ་ཡོད་པ་དང་ད་བར་ལོ་4000ནས་ལོ་5000ཙམ་ཕྱིན་ཡོད་པ་དེ་ནི་ད་བར་གྱི་མཚོ་བོད་ས་མཐོའི་ཉར་ཚགས་ཆ་ཚང་ཤོས་དང་ཤུལ་བཞག་དངོས་རྫས་དང་གནའ་ཤུལ་ཕུན་སུམ་ཚོགས་ཤོས་ཀྱི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་གནའ་ཤུལ་ཡིན་ཞིང་། 1996ལོར་ཁ་རུབ་གནའ་ཤུལ་དེ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་བདམས་པ་རེད།
         ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཡུ་འབྲུག་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། 2007ལོར་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་པེ་ཅིང་གནའ་བོའི་བཟོ་སྐྲུན་ཞིབ་འཇུག་ཁང་ལ་ཁ་རུབ་གནའ་ཤུལ་ལ་སྤྱི་ཡོངས་འཆར་འགོད་བྱ་རྒྱུའི་མངགས་བཅོལ་བྱས་ཏེ་གནའ་ཤུལ་སྤྱི་གླིང་དུ་གཏན་འཁེལ་བྱས་པར་འཆར་འགོད་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1.2ཟིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རིག་དངོས་རིགས་གཅིག་མཁས་ཅན་གྱིས་ཁ་རུབ་གནའ་ཤུལ་ལ་ཚན་རིག་དང་མཐུན་པའི་གནའ་རྫས་དཔྱད་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད། མིག་སྔར་གནའ་ཤུལ་གྱི་རྒྱ་ཁྱོན་དང་གནའ་ཤུལ་ཁྱབ་ཡུལ་སོགས་ཀྱི་ཆ་འཕྲིན་གཞི་རྩའི་ཐོག་གཏན་འཁེལ་བྱས་པར་སྔོག་འདོན་རྒྱ་ཁྱོན་རིམ་རྩིས་བྱས་ན་སྨི་ངོས་གྲུ་3040ཟིན་པ་དང་། ཁ་རུབ་གྲོང་ཚོའི་མང་ཚོགས་སྡོད་ཁང་1རྙེད་པ། རྡོ་ཆས་དང་། རྫ་ཆས། རུས་ཆས་སོགས་བརྒྱ་ཕྲག་མང་པོ་སྔོག་འདོན་ཐུབ་ནས་གནའ་ཤུལ་སླར་གསོའི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད།
         གཞན་ཡང་གནའ་ཤུལ་གྱི་བེད་མེད་སྙིགས་རོ་གཙང་སེལ་དང་གྱང་སྐོར་བརྟན་གཏོང་ཉམས་གསོ་སོགས་ལས་དོན་མིག་སྔར་བདེ་བླག་ངང་ལེགས་གྲུབ་ཟིན་ཞིང་། རིགས་གཅིག་མཁས་ཅན་གྱིས་ཕྱོགས་གཅིག་ནས་གནའ་རྫས་རྟོགས་ཞིབ་སྔོག་འདོན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བཟོ་པར་གཙང་སེལ་དང་ཉམས་གསོའི་ལས་དོན་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གནའ་ཤུལ་དང་ཤུལ་བཞག་དངོས་རྫས་ལ་གཏོར་སྐྱོན་ཐེངས་གཉིས་པ་མ་ཐེབས་པ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།