འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འབོ་གསེར་དངུལ་ཁང་གིས་
    རྣམ་གྲངས་ཁག་དང་པོའི་གྲ་སྒྲིག་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་30ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་མཇུག་ཏུ་སླེབས་ཉེའི་མཚམས་སུ་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པ་དུས་བཀག་ལྟར་གཉེར་སྐྱོང་ཐུབ་མིན་ཐད། ཚེས་28ཉིན་གསར་འགོད་པས་ཕྱོགས་མང་གསར་སྤེལ་སྒྲིག་གཞི་གསར་པ་ཆེན་པོ་གཉིས་ནས་ཤེས་རྟོགས་བྱས་པར། མིག་སྔར་དངུལ་ཁང་ཆེན་པོ་གཉིས་ཀྱིས་གཉེར་སྐྱོང་ལ་གྲ་སྒྲིག་ཧུར་ཐག་བསྒྲུབས་ནས་ཁག་དང་པོའི་རྣམ་གྲངས་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད།
         “ང་ཚོས་ཕྱི་ལོའི་ལོ་འགོར་དངོས་སུ་ལས་གཉེར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་ནི་འགག་རྩའི་དུས་རེད”འབོ་གསེར་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཧྥ་ལ་ཅི་སྨིར·ཁ་ཙི་པེ་ཁོའོ་ཕུས་ཚེས་28ཉིན་པེ་ཅིང་དུ་འཚོགས་པའི“སྣེ་མང་མ་དངུལ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་བཙུགས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་སྔོན་རྩིས་བྱས་ན། འདི་ལོའམ་ཡང་ན་སང་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཁག་གིས་མ་རྩ་བསྡུས་རྗེས་དངུལ་ཁང་འཁོར་རྒྱུག་བྱེད་འགོ་ཚུགས་རྒྱུ་དང་། སང་ལོའི་ཟླ་བ་བཞི་པར་རྣམ་གྲངས་ཁག་དང་པོ་འདོན་རྒྱུའི་རེ་བ་ཡོད། མིག་སྔར་རྒྱལ་ཁབ་ཁག་གཅིག་གི་རྣམ་གྲངས་རེ་ཞུའི་གྲོས་འགོ་ཐོབ་ཡོད་ཅེས་བཤད།
         “ང་ཚོས་རྣམ་གྲངས་དང་པོ་དེ་ལྷད་མེད་ནུས་རྒྱུ་གྲོན་ཆུང་གི་རྣམ་གྲངས་ཤིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད། འདི་ལོའི་ཟླ་བ་བདུན་པར་འབོ་གསེར་དངུལ་ཁང་ཧྲང་ཧའེ་རུ་བཙུགས་པ་དང་མིག་སྔར་གནས་སྐབས་ཚོགས་པར་མི་20ལྷག་ཙམ་ལས་མེད། གོམ་སྟབས་རྗེས་མར་ལས་བཟོ་མི་བརྒྱ་མང་དུ་གཏོང་རྒྱུ་དང་འབྲེལ། 2018ལོར་གཞུང་དོན་ཁང་གསར་པར་སྤོ་རྒྱུའི་འཆར་གཞི་ཡོད”ཅེས་ཁ་ཙི་པེ་ཁོའོ་ཕུས་བཤད།
         ནོར་སྲིད་པུའི་རྒྱལ་སྤྱིའི་ནོར་དངུལ་མཉམ་ལས་སིའི་སི་ཀྲང་གཞོན་པ་ཀྲེང་ཆོན་གྱིས་བགྲོ་གླེང་ཚོགས་འདུའི་ཐོག མིག་སྔར་ཀྲུང་གོས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་མ་དངུལ་གཏོང་བའི་གྲོས་ཆོད་སྐོར་གྱི་རྒྱལ་ནང་ཁྲིམས་འཛུགས་སྒྲིག་གཞིའི་ཞིབ་མཆན་བརྒྱུད་རིམ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། སྔོན་རྩིས་བྱས་ན་ལོ་མཇུག་ཏུ་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ་རེད། འབོ་གསེར་དངུལ་ཁང་གི་རྐང་བདག་གྲས་ཡིན་པའི་ཀྲུང་གོས་ཀྱང་རྐང་བདག་གཞན་དང་མཉམ་དུ་འབོ་གསེར་དངུལ་ཁང་གི་ལས་སྒོ་ཁག་མགྱོགས་མྱུར་སྲོལ་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ས་ཁོངས་ཕན་ཚུན་སྦྲེལ་མཐུད་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།