འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ལི་གཡོད་ཨོ་རྩལ་འགྲན་
    ཚོགས་རིང་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་30ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་70པས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས། རྒྱལ་ཁབ་ཁག་གིས་2016ལོའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་རིང་ཨོ་ལིམ་ཕིག་གི་དམག་མཚམས་འཇོག་པའི་སྲོལ་རྒྱུན་ལ་བརྩི་སྲུང་བྱས་ནས། དམག་རྒྱག་པའི་བྱེད་སྤྱོད་ཐམས་ཅད་མཚམས་འཇོག་རྒྱུའི་སྐུལ་མ་བཏང་བ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཉིན་དེར“ལུས་རྩལ་གྱིས་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཐུབ། ལུས་རྩལ་དང་ཨོ་ལིམ་ཕིག་གི་ཕུགས་བསམ་བརྒྱུད། ཞི་བདེ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས”ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་ཚང་འཛོམས་ཚོགས་འདུ་འཚོགས་པ་དང་འབྲེལ་གྲོས་ཆོད་ལ་གྲོས་འཆམ་བྱས་པ་རེད།
         གྲོས་ཆོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་འཚོག་པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་31མ་འཚོགས་གོང་གི་ཉིན་7ནས་བཟུང་། དབྱར་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་15མཇུག་འགྲིལ་ནས་ཉིན་7སོང་བའི་བར་སྒེར་དང་མཉམ་སྡེབ་ཀྱིས་ཨོ་ལིམ་ཕིག་གི་དམག་མཚམས་འཇོག་པའི་སྲོལ་རྒྱུན་ལ་བརྩི་སྲུང་ཞུ་རྒྱུའི་སྐུལ་མ་བཏང་བ་རེད།
         ལི་གཡོད་ཀྱི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ནུའུ་ཙི་མན་གྱིས་གཏམ་བཤད་སྤེལ་སྐབས། “ཞི་བདེ་ནི་མིའི་རིགས་ཀྱིས་རང་དབང་ལ་བཅངས་པའི་རེ་བ་འབའ་ཞིག་དེ་རེད། དེར་བརྟེན། ང་ཚོའི་དམིགས་ཡུལ་ནི་གཞོན་ནུ་ཚོར་ཡུན་རིང་གི་ཞི་བདེའི་ཤུལ་བཞག་ཅིག་འཇོག་རྒྱུ་དེ་རེད”ཅེས་བཤད་པ་དང་། ཡང་ཁོང་གིས་ལུས་རྩལ་ལ་བརྟེན་ནས“མཐུན་སྒྲིལ་དང་། སྤྱི་ཚོགས་ཀྱི་ཁོག་ཡངས། དེ་བས་བསམ་ཤེས་བྱེད་པ། ཞི་བདེ། རེ་བ”བཅས་ལ་སྐུལ་འདེད་གཏོང་ཐུབ་ཅེས་བཤད།
         ཨོ་ལིམ་ཕིག་ཚོགས་རིང་དམག་མཚམས་འཇོག་པ་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་གནའ་བོའི་ཀེ་རི་སེའི་ཨོ་ལིམ་ཕིག་གི་དམག་མཚམས་འཇོག་པའི་སྲོལ་རྒྱུན་གཞིར་བཟུང་ཇུས་བཀོད་བྱས་པའི་ཞི་བདེའི་བྱེད་སྒོ་ཞིག་རེད། 1993ལོའི་ཟླ་བ་བཅུ་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ཨོ་ལིམ་ཕིག་ཚོགས་རིང་དམག་མཚམས་འཇོག་པའི་གནའ་བོའི་ཀེ་རི་སེའི་སྲོལ་རྒྱུན་སླར་གསོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གིས་ཨོ་རྩལ་འགྲན་ཚོགས་སྐབས་རེ་རེ་མ་འཚོགས་གོང་གི་གཟའ་འཁོར་གཅིག་ནས་མཇུག་འགྲིལ་རྗེས་ཀྱི་གཟའ་འཁོར་གཅིག་བར་དམག་རྒྱག་བྱེད་སྤྱོད་ཐམས་ཅད་མཚམས་འཇོག་རྒྱུའི་རེ་འབོད་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།