འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་དེ་བོད་ལྗོངས་མངའ་
    རིས་སུ་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་དེ་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་དུ་སྐྲུན་འགོ་ཚུགས་པ་དང་། བསྐྲུན་ཟིན་རྗེས་ཡུལ་དེའི་ཡུལ་མིའི་དྲོད་ལེན་པའི་དཀའ་གནད་ཆེས་ཆེར་སེལ་རྒྱུ་ཡིན་པ་རེད།
         མངའ་རིས་ས་ཁུལ་དུ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཟིན་པར“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་པ་དང་རང་བྱུང་ཁོར་ཡུག་ཞན་པའི་ཁར་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། ས་ཁུལ་སྲིད་འཛིན་ཀྲུང་ཧྲུའུ་གནས་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡོད་ཅིང་། ལོ་ཧྲིལ་པོར་དྲོད་ཚད་0འོག་གི་ཉིན་གྲངས་217ཟིན་པ་དང་། ལོ་རྒྱུས་ཐོག་དྲོད་ཚད་དམའ་ཤོས་ཀྱི་ཟིན་ཐོ་ནི་ཀླད་ཀོར་འོག་གི་36.7℃ཡིན་པས་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་ལས་ཀ་དང་འཚོ་བའི་ཐད་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པ་རེད།
         མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲུའུ་ཀྲུང་ཁུའེ་ཡིས་ཡུལ་དེའི་ལས་བྱེད་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་ཁྱེར་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། མངའ་རིས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཚ་གློག་མཉམ་འདོན་ལས་གྲྭ་ལག་ལེན་བསྟར་ཡོད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མངའ་རིས་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་14ལྷག་ཙམ་བཏང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཚད་ལོ་གཉིས་ཡིན་པར་སླད་ཕྱིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་མི་ཁྲི་2.5གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར། དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་དང་སྦྲགས་མངའ་རིས་སུ་ཁྲོ་ཐབ་ཆུང་གྲས་150མེད་པར་བཟོ་རྒྱུ་ཡིན་པར་ལོར་རྡོ་སོལ་ཏུན་31600གྲོན་ཆུང་ཐུབ་རྒྱུ་དང་། དུ་རྡུལ་ཕྱིར་འབུད་བྱེད་ཚད་ཏུན་103དང་། དབྱང་གཉིས་ཐན་གྱུར་ཕྱིར་འབུད་བྱེད་ཚད་ཏུན་92000 ཐལ་རྡུལ་ཕྱིར་འབུད་བྱེད་ཚད་ཏུན་2131བཅས་ཉུང་དུ་སོང་ནས་གཅིག་སྡུད་དྲོད་རླངས་མཁོ་འདོན་ཐུབ་ལ་མངའ་རིས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ནུས་ལྡན་ཐུབ་རྒྱུ་ཡིན་པ་རེད།
         སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་མི་རྡོ་རྗེས“ལས་གྲྭ་གང་མགྱོགས་བསྐྲུན་ནས་དྲོད་རླངས་མཁོ་འདོན་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།