འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་12ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་13རིང་འགྲུལ་མཚམས་ཆད་པའི་བོད་ལྗོངས་སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོ་བར་གྱི་ལམ་དུམ་དེ་ཚེས་8ཉིན་ཤར་གཏོང་ཐུབ་ཅིང་། ཚེས་9ཉིན་ནས་བཟུང་གེགས་སེལ་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་ཀྲུང་ནེ་མཐའ་མཚམས་ར་ཟུར་གྲོང་རྡལ་དུ་དབོར་བ་རེད།
         མིག་སྔའི་བར་བོད་ལྗོངས་ཀྱི་གེགས་ཁུལ་ཉེན་གྱར་མང་ཚོགས་ཚང་མ་སྐྱོབ་རོགས་དང་བཀོད་སྒྲིག་འོས་འཚམས་བྱུང་བ་དང་། ཡོམ་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་རིམ་བཞིན་ལེགས་སུ་ཕྱིན་ནས་བོད་ལྗོངས་ཀྱིས་གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་བཙུགས་པས་ཡོམ་འགོག་གེགས་སེལ་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
         ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པ་དང་དེ་རྗེས་ཡོམ་འཕྲོ་ཐེངས་120ལྷག་ཙམ་བརྒྱབ་པ་དེའི་ནང་རིམ་པ་7.0ཡན་ཐེངས་2བརྒྱབ་ཡོད། ས་ཡོམ་ལས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་105ཟིན་པའི་བོད་ཀྱི་རྫོང་དང་ཆུས་19ལ་ཤུགས་རྐྱེན་ཐེབས་པ་དེའི་ནང་ཡོམ་ལྟེ་དང་བར་ཐག་སྤྱི་ལེ་40ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་དང་གཉའ་ལམ་རྫོང་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་རེད།
         ས་གཤིས་ཀྱི་དཔྱད་དཔོག་བྱེད་པར་ཡོང་མཁན་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཀྲུའུ་རེན་གཞོན་པ་ཐེན་ཐིང་ཧྲན་གྱིས“4.25”ཡི་ས་ཡོམ་ནི་ལོ་60ལྷག་ཙམ་ནང་བོད་དུ་ཐོན་པའི་ཚབས་ཆེ་ཤོས་ཀྱི་ས་གཤིས་གནོད་འཚེ་ཞིག་རེད་ཅེས་བཤད་པ་རེད།
         མིག་སྔའི་བར་ས་ཡོམ་ལས་བོད་ཀྱི་མི་26རྐྱེན་ལམ་དུ་ཤོར་བ་དང་། མི་3གར་སོང་ཆ་མེད་དུ་གྱུར་བ། མི་856ལ་རྨས་སྐྱོན་ཕོག་པ། མི་ཁྲི་30ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་རེད།
         ད་རེས་ཀྱི་ས་ཡོམ་གྱི་རིམ་པ་མཐོ་བ་དང་གནོད་འཚེ་ཕོག་ཚུལ་ཚབས་ཆེན་པོ་ཡོད། ས་ཡོམ་བརྒྱབ་རྗེས་ཀྲུང་གོ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་རྣམ་གཉིས་ཀྱིས་ཡོམ་འགོག་གེགས་སེལ་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ། དམངས་སྲིད་པུས་སྔ་རྗེས་སུ་བོད་ལ་གུར་ཁྲི་3དང་། སྲིང་བལ་ཉལ་ཆས་ཁྲི་6.5 སྲིང་བལ་བར་འཚང་གི་གྱོན་ཆས་ཁྲི་6.5སོགས་ཀྲུང་དབྱང་གི་གེགས་སེལ་གྲབས་གསོག་དངོས་ཟོག་ཁག་བཞི་བཏང་ནས་གེགས་ཁུལ་ལ་རོགས་སྐྱོར་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་སྤེལ་བ་རེད།
         ཚེས་8ཉིན་བར་བོད་ཀྱིས་ཁྱོན་གནོད་འཚེ་ཕོག་པའི་མང་ཚོགས་63989གནས་སྤོ་བཀོད་སྒྲིག་བྱས་པས་ས་ཡོམ་བརྒྱབ་པའི་ཐོག་མའི་དུས་ཀྱི་ཉེན་གྱར་མང་ཚོགས་ཚང་མ་ཉེན་ཁའི་གནས་ལས་སྒྲོལ་བ་དང་། སྨན་བཅོས་རོགས་སྐྱོབ་ས་ཚིགས་19བཙུགས་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་རྨས་མ་མི་ཐེངས་ཁྲི་1.76ལ་སྨན་བཅོས་བྱས་ཡོད། བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་དེ་འཕྲལ་སྡོམ་རོགས་སྐྱོབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་སྔར་བས་བཀོད་སྒྲིག་འོས་འཚམས་བྱེད་པ་དང་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནུས་ཤུགས་ཡོད་རྒུས་བྱེད་པའི་དུས་མཚམས་གསར་པར་བསྒྱུར་ཡོད།
         གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་གྱི་ཆུས་དང་། ལྷ་རྩེ་རྫོང་། གཉའ་ལམ་རྫོང་སོགས་བཀོད་སྒྲིག་བྱ་ཡུལ་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་བཀོད་སྒྲིག་བྱ་ཡུལ་ནང་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོད་པ་དང་། སྨན་བཅོས་དང་། འཕྲིན་གཏོང་། གློག་ཤུགས། ཆུ་སྤྱོད་སོགས་ཚང་མ་འགན་ལེན་ཡོད་པ་མཐོང་བྱུང་།
         གསར་འགོད་པས་ལྷ་རྩེའི་བཀོད་སྒྲིག་བྱ་ཡུལ་ནས་ལོ་68ལ་སླེབས་པའི་བགྲེས་སོང་ངག་དབང་ནོར་བུ་ཉི་མ་སྲོ་བཞིན་ཡོད་པ་མཐོང་བྱུང་། ཁོང་གིས་གསར་འགོད་པར་སྲིད་གཞུང་གིས་ངའི་ཁྱིམ་ལ་གུར་གཉིས་སྤྲད་པའི་ཁར་ཉིན་རེའི་ལྟོ་དུས་གསུམ་ཡང་འགན་ལེན་གནང་གི་འདུག་པས་རང་ཉིད་བློ་བདེ་པོ་འདུག་ཅེས་བཤད་བྱུང་། དེ་དང་འདྲ་བའི་གནོད་འཚེ་ཚབས་ཆེན་ཕོག་པའི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དང་དིང་རི་རྫོང་རོང་ཤར་ཤང་དུ་ཉིན་ཁ་ཤས་རིང་གི་རོགས་སྐྱོབ་དང་བཀོད་སྒྲིག་བྱས་པ་བརྒྱུད་གེགས་ཁུལ་གྱི་མང་ཚོགས་རྣམས་བཟའ་སྡོད་གྱོན་གསུམ་སོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱུང་བ་དང་སློབ་མ་ཚོ་ཡང་སྦྲ་གུར་སློབ་གྲྭར་སློབ་ཁྲིད་སླར་གསོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།