འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཆོན་གོས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག  སླར་གསོ་བསྐྱར་སྐྲུན་
    བཅས་ལ་སྒོ་ཀུན་ནས་རྒྱལ་ཁ་ཐོབ་ཕྱིར་འབད་འཐབ་ལྷོད་མེད་
    བྱེད་དགོས་ཞེས་ནན་བཤད་གནང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲེན་ཆོན་གོས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག  སླར་གསོ་བསྐྱར་སྐྲུན་
བཅས་ལ་སྒོ་ཀུན་ནས་རྒྱལ་ཁ་ཐོབ་ཕྱིར་འབད་འཐབ་ལྷོད་མེད་
བྱེད་དགོས་ཞེས་ནན་བཤད་གནང་།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་གནོད་འཚེ་ཕོག་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་མང་ཚོགས་དང་། མི་དམངས་བཅིངས་འགྲོལ་དམག་དཔོན་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག མཐའ་སྲུང་དཔོན་དམག མེ་ཟོན་དཔོན་དམག སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཞུས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་བསྒྲགས་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་གྱི་ཡུལ་དངོས་སུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡིད་ཆེས་བརྟན་གཏོང་དང་ལས་འགན་གསལ་པོ་བཟོས་ཁར་གཙོ་གནད་མངོན་གསལ་དོད་པོ་དང་བྱ་ཐབས་དོན་འཁྱོལ་གྱིས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ལ་སྒོ་ཀུན་ནས་རྒྱལ་ཁ་ཐོབ་ཕྱིར་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝང་རུའེ་ལན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞོལ་ཀོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་བཅས་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།
         ཁྲེན་ཆོན་གོ་ཆེད་མངགས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། ལོ་28ལ་སླེབས་པའི་ཚེ་རིང་ཆོས་འཛོམས་ཀྱི་གཟུགས་པོའི་གང་སར་རུས་ཆག་བྱུང་རུང་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་པ་བརྒྱུད་མིག་སྔར་ནད་གཞི་ཚོད་འཛིན་ནུས་ལྡན་ཐུབ་ཡོད། ཁྲེན་ཆོན་གོ་ནད་ཁང་དུ་ཕེབས་ནས་ན་ཚའི་སྐོར་དང་གནོད་འཚེའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཚེ་རིང་ཆོས་འཛོམས་ཀྱི་གཉེན་ཉེ་བཞི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་མཁྱེན་སྐབས་ཁྲེན་ཆོན་གོས་ཁྱེད་ཚོ་དང་འདྲ་བར་ངའང་སེམས་སྡུག་ཆེན་པོ་འདུག འོན་ཀྱང་འཚོ་བ་མུ་མཐུད་སྐྱེལ་དགོས་པས་ཁྱེད་ནས་གཉེན་ཉེ་འདས་གྲོངས་ཀྱི་སྡུག་བསྔལ་ལས་ཐར་བ་བྱས་ཏེ་བློ་བདེའི་ངང་སྨན་བཅོས་ཡག་པོ་བྱས་ནས་ནད་གཞི་གང་མགྱོགས་དྲག་སྐྱེས་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ལོ་10ལ་སླེབས་པའི་དཀོན་མཆོག་སྒྲོལ་མའི་ཉལ་ཁྲིའི་མདུན་དུ་རྩེད་ཆས་དོམ་ཞིག་བཞག་ཡོད་པ་དེས་ནད་ཁང་དུ་གསོན་ཤུགས་ཤིག་སྦྱིན། ཁྲེན་ཆོན་གོས་བུ་མོ་དེའི་ལག་ནས་འཇུས་ཏེ“ད་དུང་ཞེད་ཀྱི་འདུག་གམ”ཞེས་བྱམས་བརྩེ་དང་ལྡན་པའི་ངང་བཀའ་འདྲི་གནང་བས་སྒྲོལ་མས་མགོ་བོ་གཡུག་བཞིན་དུ་བློ་རྩ་བརྟན་པོས“ཞེད་ཀྱི་མི་འདུག”ཅེས་ཞུས། ཁྲེན་ཆོན་གོས་ས་ཡོམ་བརྒྱབ་ཟིན་པས་ཐམས་ཅད་ཡག་ཏུ་འགྲོ་ངེས་རེད། ད་རེས་ཀྱི་གོད་ཆག་དེ་བརྒྱུད་བུ་མོ་ཁྱོད་རང་སྔར་བས་བློ་སྟོབས་ཆེ་རུ་འགྲོ་ངེས་རེད། སྨན་པས་རང་གི་གཤགས་བཅོས་ཡག་པོ་བྱུང་སོང་ཟེར་གྱི་འདུག་པས་གང་མགྱོགས་སློབ་གྲྭར་ཕྱིར་ལོག་ནས་སློབ་མ་ཚོ་དང་མཉམ་དུ་སློབ་སྦྱོང་དང་རྩེད་མོ་རྩེ་ཆོག་པས་སློབ་སྦྱོང་ཡག་པོ་བྱས་ནས་སྔ་ཙམ་ཤེས་ཡོན་ཅན་དུ་འགྱུར་བ་བྱེད་དགོས་ཞེས་སེམས་གསོ་དང་བཅས་གསུངས་པ་རེད།
         བསམ་གཏན་ནི་བཙུན་མ་ཞིག་ཡིན་པ་དང་། ཁོང་གནས་སའི་བཀྲ་ཤིས་མཐོང་གྲོལ་གླིང་དགོན་ལ་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་ཡོད། བསམ་གཏན་གྱིས་སེམས་འགུལ་ཐེབས་པའི་ངང་སྨན་ཁང་དུ་བསྡད་ཚུན་དགོན་པར་བཅའ་སྡོད་ལས་བྱེད་པས་ང་ལ་རང་ཉིད་ཀྱི་གཉེན་ཉེ་ལྟར་ལྟ་རྟོག་བྱས་པའི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད་ཅེས་བཤད། ཁྲེན་ཆོན་གོས་བྱམས་བརྩེའི་ངང་ཁོ་མོར་རྒྱ་ཆེའི་གྲྭ་བཙུན་ནི་ང་ཚོའི་གཉེན་ཉེ་དང་གྲོགས་པོ་ཡིན་པས་ཏང་དང་སྲིད་གཞུང་གིས་ཁྱེད་ཀྱི་ནད་གཞི་གང་ཐུབ་བཅོས་ཏེ་སྔ་ཙམ་བློ་བདེ་བག་ཕེབས་ངང་ཉམས་ལེན་སྒོམ་སྒྲུབ་ཐུབ་པར་བྱེད་ངེས་ཡིན་ཞེས་གསུངས་པ་རེད།
         ནེ་པ་ལ་བ་RAMདང་རང་ལྗོངས་ཀྱི་ཡུལ་མི་ལྷག་པ་ཚེ་རིང་གཉེན་སྒྲིག་བྱས་རྗེས་འགྲམ་གྲོང་རྡལ་དུ་ཚོང་བརྒྱབ་ནས་སྡོད་པ་དང་ས་ཡོམ་ཁྲོད་ཁང་པ་ཚང་མ་ལོག་ཡོད། ཁྲེན་ཆོན་གོས་སྨན་དོན་མི་སྣར་ཁོང་གི་ནད་གཞིའི་སྐོར་བཀའ་འདྲི་གནང་ཞོར་བཟའ་ཚོ་གཉིས་པོར་ཀྲུང་ནེ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ལོ་ངོ་སྟོང་གི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལྡན་པས་ཁྱེད་གཉིས་ནི་ཀྲུང་ནེའི་མཛའ་མཐུན་གྱི་དཔང་པོ་རེད་ཅེས་གསུངས་པ་རེད།
         བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་གེགས་སེལ་གུར་རྣམས་གོ་རིམ་ལྡན་པའི་ངང་ཕུབ་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག བཀོད་སྒྲིག་བྱ་ཡུལ་གྱི་ངོས་མཉམ་ས་བཀྲར་གཟིགས་ནས་ཁྲེན་ཆོན་གོས་བར་བརྒལ་བཀོད་སྒྲིག་གི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་རེད། མིག་སྔར་བཀོད་སྒྲིག་བྱ་ཡུལ་དུ་གུར་1179བརྒྱབ་པ་རྣམས་Aདང་B Cབཅས་འཚོ་བའི་ཁུལ་དང་སྤྱི་པའི་ཞབས་ཞུའི་ཁུལ་བཞི་ལ་དབྱེ་ཡོད་པ་དང་དེར་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་1231བཀོད་སྒྲིག་བྱས་ཡོད། མིག་སྔར་བཀོད་སྒྲིག་བྱ་ཡུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཚང་མ་ཤར་བགྲོད་ཐུབ་པ་མ་ཟད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། རིན་མེད་སྤྱི་སྤྱོད་རླངས་འཁོར། དངུལ་ཁང་། སྦྲག་ལས་སོགས་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱང་བཙུགས་ཡོད་ལུགས། ཁྲེན་ཆོན་གོས་གསན་རྗེས་ཐུགས་ཧ་ཅང་དགྱེས་ནས་བཀོད་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།
         འགྲམ་གྲོང་ལྷན་གྱི་ཡུལ་མི་ཤེས་རབ་བཟང་པོའི་ཁྱིམ་གྱི་གུར་ནང་ཕེབས་སྐབས་ཁྲེན་ཆོན་གོར་ཡུན་རིང་མ་འཕྲད་པའི“ངོ་ཤེས་རྙིང་པ”ཡུལ་མི་ཨུ་ལྷན་གྱི་ལས་བྱེད་པ་ཚེ་གཡང་འཕྲད་པ་རེད། ཟླ་4ཚེས་29ཉིན་ཁྲེན་ཆོན་གོས་འགྲམ་གྲོང་རྡལ་གྱི་ཉེན་གྱར་མང་ཚོགས་ཕྱིར་འཐེན་ཐད་བཀོད་འདོམས་གནང་སྐབས་ཁོ་མོ་དང་ཐད་ཀར་ཞལ་པར་བསྐྱོན་ཏེ་ཁོ་མོར་ཡུལ་མི་གནས་སྤོ་སྒྲིག་འཛུགས་དང་སྐུལ་སློང་བྱ་རྒྱུའི་བཀོད་སྒྲིག་གནང་ཞིང་། ཁྲེན་ཆོན་གོས་ཚེ་གཡང་ལ་ཁ་བཏགས་གཡོག་ནས་ཁོ་མོས་མང་ཚོགས་གནས་སྤོ་བྱེད་རིང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་ཆོན་གོས་ཚེ་གཡང་དང་ཤེས་རབ་བཟང་པོའི་ཁྱིམ་མི་དང་མཉམ་དུ་བཞུགས་ཏེ་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཁྲེན་ཆོན་གོས་ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་འཇུངས་པ་མེད་པའི་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་དགོས། མ་གཞི་ཁང་པ་ལོག་པ་དང་གས་སྲུབས་བྱུང་ཡང་མི་ལ་རྨས་སྐྱོན་མ་བྱུང་ཚེ་གནས་སྐབས་ཀྱི་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ་སྔ་ཙམ་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུ་རེད་ཅེས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་ངང་གསུངས་པ་རེད།
         རིག་འཛིན་སྒྲོལ་མའི་ཁྱིམ་མི་སྡོད་སའི་གུར་དེ་གཙང་ཞིང་གྲལ་འགྲིག་པོ་འདུག “ས་ཡོམ་ཁྲོད་ཁྱིམ་མིར་རྨས་སྐྱོན་ཕོག་ཡོད་དམ། གྱོན་གོས་འདང་གི་འདུག་གམ། དགོང་མོ་འཁྱག་གི་མི་འདུག་གམ”ཞེས་ཁྲེན་ཆོན་གོས་བཀའ་འདྲི་ཞིབ་ཕྲ་གནང་བྱུང་། “སུ་ལའང་རྨས་སྐྱོན་ཕོག་མེད། ང་ཚོ་ཁྱིམ་མི་ཚང་མ་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་མ་ཐག་གྲ་སྒྲིག་ཡག་པོ་བྱས་ཟིན་པའི་གུར་ནང་བསྡད་པ་ཡིན། ཏང་དང་སྲིད་གཞུང་གིས་ང་ཚོར་ཟས་གོས་ཀྱང་བསྐྱལ་བྱུང་བས་ཁྱིམ་མི་ཚང་མར་དྲོ་སྐྱིད་ལྷག་པར་ཚོར་བྱུང”འཁྲིས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྒྱལ་བསྟན་གྱིས་དུས་ཐོག་ཏུ་ཕྱིར་འཐེན་བྱས་པའི་རྐྱེན་གྱིས་ང་ཚོའི་གྲོང་ཚོའི་མི་4ལ་རྨས་སྐྱོན་ཕྲན་བུ་ཙམ་ལས་ཕོག་མེད། ད་ཆ་ཡུལ་མི་ཨུ་ལྷན་གྱི་ལས་བྱེད་པ་ཚོས་བཀོད་སྒྲིག་བྱ་ཡུལ་དུ་ལས་ཀ་སྒྲུབ་ཀྱི་ཡོད་ཅེས་ཞུས་པ་རེད། ཁྲེན་ཆོན་གོས་ཁོང་ལ་ད་རེས་ཀྱི་ས་ཡོམ་ཁྲོད་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་ལས་བྱེད་པ། གྲོང་ཚོ་དང་དགོན་པར་བཅའ་སྡོད་ལས་བྱེད་པ་བཅས་ཀྱིས་ནུས་པ་གལ་ཆེན་བཏོན་ཡོད། ཚང་མས་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་ཁྲོད་ཡང་འབད་བསྐྱར་འབད་དང་ལེགས་ཆ་འདོན་སྤེལ་གྱིས་མང་ཚོགས་ཀྱི“འཁར་བ”ཡག་པོ་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད། ཞལ་མ་གྱེས་གོང་ཁྲེན་ཆོན་གོས་རིག་འཛིན་སྒྲོལ་མའི་ཁྱིམ་མི་ཚང་མར་གེགས་བར་ཆེན་པོའི་རྗེས་སུ་ཚེ་སྲོག་རྩ་ཆེན་ཡིན་པ་ལྷག་པར་་རྟོགས་དགོས། ཉིན་ཤས་གོང་ཡུལ་མི་རྣམས་འགྲམ་གྲོང་རྡལ་ནས་བདེ་འཇགས་ངང་ཕྱིར་འཐེན་བྱེད་ཚུལ་མཐོང་སྐབས་ད་གཟོད་བློ་སེམས་བདེ་པོ་བྱུང་། དེ་རིང་ཚང་མས་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་ཧ་ཅང་ཡག་པོ་སྐྱེལ་བ་མཐོང་བས་ང་རང་དེ་བས་ཀྱང་དགའ་སྤྲོ་སྐྱེས་བྱུང་ཞེས་གསུངས་པ་རེད།
         “སྤོ་བོ་ཁྲེན་ལགས། སྐུ་ཁམས་བཟང་། སྐུ་ཁམས་བཟང”ཁྲེན་ཆོན་གོ་བཀོད་སྒྲིག་བྱ་ཡུལ་གྱི་སྦྲ་གུར་བུ་བཅོལ་ཁང་དུ་ཕེབས་སྐབས་བྱིས་པ་ཚོས་དགའ་འབོད་བྱེད་བཞིན་རུབ་ཡོང་། ལྷད་མེད་དྭངས་གཙང་གི་འཛུམ་མདངས་ལས་འཇིགས་སྣང་དང་སྐྱོ་གདུང་ཕྲན་ཙམ་ཡང་མཐོང་རྒྱུ་མེད། ཁྲེན་ཆོན་གོས་བྱིས་པ་ཚོའི་ལག་པ་འཇུ་བཞིན་ཁོ་ཚོའི་དབུས་སུ་བཞུགས་ནས་བྱམས་བརྩེའི་ངང“ཕྲུ་གུ་ཚོ་ཞེད་ཀྱི་འདུག་གམ། འདི་གར་སྐྱིད་པོ་འདུག་གམ”ཞེས་དྲིས། “ཞེད་ཀྱི་མི་འདུག སྐྱིད་པོ་འདུག”ཅེས་བྱིས་པ་ཚོས་མགྲིན་གཅིག་ཏུ་ལན་བཏབ། བུ་བཅོལ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཉིན་ཤས་རིང་བུ་བཅོལ་ཁང་གི་དགེ་རྒན་ཚོས་རྩེད་མོ་རྩེ་བ་དང་། རོལ་དབྱངས་ཉན་པ། སྒྲུང་ཤོད་པ་སོགས་ལ་བརྟེན་ནས་བྱིས་པ་ཚོར་སེམས་ཁམས་ལམ་སྟོན་བྱས་པས་ཁོང་ཚོ་ས་ཡོམ་གྱི་འཇིགས་དངངས་ལས་རིམ་གྱིས་ཐར། ཁྲེན་ཆོན་གོས་བྱིས་པ་ཚོར་ཁྱེད་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན་པས་དཀའ་སྡུག་ཁྲོད་ནས་སྔར་བས་འཚར་ལོངས་སྟོབས་ཆེན་ཡོང་ངེས་རེད། རེ་བར་ཁྱོད་ཚོ་ཉིན་བཞིན་དགའ་སྤྲོ་དང་ཉིན་ལྟར་ཡར་རྒྱས་ཡོང་བ་དང་ནར་སོན་རྗེས་རང་རེའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྔར་བས་མཛེས་སྡུག་ལྡན་པར་བསྐྲུན་དགོས་ཞེས་གསུངས་པ་རེད།
         བཀོད་སྒྲིག་བྱ་ཡུལ་གྱི་མེ་ཟོན་ལས་སྒྲུབ་ཞབས་ཞུ་ས་ཚིགས་སུ་ཁྲེན་ཆོན་གོས་ལས་སྒྲུབ་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བློ་མཐུན་གྱིས་མིག་སྔར་བཀོད་སྒྲིག་བྱ་ཡུལ་གྱི་གུར་ཚང་མར་མེ་ཟོན་ཟོམ་དང་མེ་གསོད་ཡོ་བྱད་སྤྲད་པ་མ་ཟད་སྦག་སྦག་མེ་ཟོན་འཁོར་རིགས་བཀོད་སྒྲིག་བྱས་ཏེ་སྐོར་གཡེང་ཡང་བྱེད་ཀྱི་ཡོད་ཅེས་ཞུས་ཤིང་། ཁྲེན་ཆོན་གོས་བཀོད་སྒྲིག་བྱ་ཡུལ་དུ་མི་མང་བ་དང་འབར་སླ་བའི་དངོས་པོ་མང་བས་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་འགན་འཁྲི་རི་ལས་ལྕི་བ་ཡོད། ཕྱོགས་གཅིག་ནས་ཆེད་ལས་སྟོབས་ཤུགས་ཀྱི་ནུས་པ་བཏོན་ནས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་སེལ་རྒྱུར་གྲལ་བཤེར་དང་། ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་འགན་ལེན་བཅས་བྱེད་དགོས་པ་དང་། ཕྱོགས་གཅིག་ཤོས་ནས་གསོ་སྦྱོང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་དང་མེ་ཟོན་རྩལ་ནུས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         བཀོད་སྒྲིག་བྱ་ཡུལ་གྱི་སྦྲ་གུར་ཟ་ཁང་དུ་ཉིན་གུང་གི་གསོལ་ཚིགས་བཞེས་རྗེས་ཁྲོན་ཆོན་གོས་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་དང་། གཞིས་རྩེ་གྲོང་ཁྱེར། བོད་ལྗོངས་དམག་ཁུལ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག སྐྱིད་གྲོང་རྫོང་དང་འགྲམ་གྲོང་རྡལ་བཅས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་སྙན་ཞུ་གསན་པ་རེད། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་མང་ཚོགས་དང་། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་པ། མཐའ་སྲུང་། མེ་ཟོན་བཅས་ཀྱི་དཔུང་སྡེའི་དཔོན་དམག་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ཡུལ་དམག་གྲབས་ཞུགས་མི་སྣ། ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད། ཁྲེན་ཆོན་གོས་ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་དང་གེགས་ཁུལ་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གང་མགྱོགས་དང་ལེན་ཞུས་པ་དང་ཁ་གཏད་ནུས་ལྡན་བཅག་ནས་ཐབས་ཇུས་བརྟན་པོ་དང་བཀོད་འདོམས་ལེགས་པོ་བྱས་ཤིང་། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་ཀྱིས་མི་སྐྱོབ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཐོག་དང་གོ་རིམ་ལྡན་པའི་ངང་མང་ཚོགས་ཕྱིར་འཐེན་དང་གནས་སྤོ་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང་གནོད་སྐྱོབ་སྒྲིག་འཛུགས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གང་ཐུབ་བཏང་བ་མ་ཟད། མང་ཚོགས་བཀོད་སྒྲིག་ལས་དོན་བསྒྲུབས་པས་གེགས་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་ཞིང་། ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཁྲེན་ཆོན་གོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ལས་འགན་ཁག་གསུམ་ལ་དམ་པོར་དམིགས་ནས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་སྟོབས་ཤུགས་ཡོད་རྒུས་འཚོལ་སྐྱོབ་མུ་མཐུད་བྱེད་པ་དང་། རིན་དོད་བློས་བཏང་ནས་རྨས་མར་སྨན་བཅོས་དང་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་པ། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་མེ་ཟོན་དང་། རིམས་འགོག བདེ་འཇགས་སོགས་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། གེགས་ཁུལ་གྱི་རྒྱུན་གཏན་འཚོ་བའི་སྒྲིག་ལམ་སླར་གསོ་གང་མགྱོགས་བྱེད་པ། གནོད་འཚེའི་གྱོང་གུན་གྱི་དཔྱད་དཔོག་ཁྱོན་ཡོངས་ནས་བྱེད་པ་བཅས་ཀྱི་ཐོག་ནས་གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་དེ་ཚན་རིག་དང་མཐུན་པའི་ངང་བྱེད་པ། སླར་གསོ་བསྐྱར་སྐྲུན་དུས་དང་འཚམ་པའི་ངང་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་ཐོག་གྲུབ་འབྲས་ཁྱད་འཕགས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།