འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ས་ཡོམ་དང་འབྲེལ་བའི་ཟླ་4ཚེས་29ཉིན་གྱི་མྱུར་འཕྲིན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ●འགྲམ་གྲོང་རྡལ་དུ་སྐྱོད་སའི་ཚེ་སྲོག་གི་ལམ་དུམ་ཁྱོན་ཡོངས་ནས་བཤངས་ཐུབ་པ་བྱུང་བ།
         ཆུ་ཚོད་70ལྷག་ཙམ་འབད་འཐབ་བྱས་མཐར་འགྲམ་གྲོང་རྡལ་དུ་སྐྱོད་སའི་ཚེ་སྲོག་གི་ལམ་དུམ་ཚེས་28ཉིན་གྱི་ཆུ་ཚོད་16དང་སྐར་མ་43ཐོག་ཁྱོན་ཡོངས་ནས་བཤངས་ཐུབ་པ་བྱུང་བ་དེ་ཐོག་ནས“4•25”ས་ཡོམ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ནེ་པ་ལའི་ས་ཡོམ་རིམ་པ་8.1གི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་ནས་འགྲམ་གྲོང་རྡལ་(318ལམ)བར་གྱི་ས་ཆ་མང་པོ་བརྡིབས་པ་དང་། འདམ་རྡོའི་ཆུ་རུད་དང་། གངས་རྡིབ་ཀྱི་གནས་ཚུལ་ཐོན་ཡོད། ལམ་དུམ་དེ་རི་མཐོ་གཡང་ཟར་དང་། ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ། གཞུང་ལམ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཡན་དུ་ཡོད་པ་བཅས་ཀྱི་རྐྱེན་པས་ལམ་བཤངས་རྒྱུར་དཀའ་ངལ་འཕྲད་པའི་ཁར་ཡོམ་འཕྲོ་ཐོན་མང་བ་དང་གངས་ཆར་བབས་མང་བའི་རྐྱེན་གྱིས་འགྲམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་པ་མ་ཟད་འགྲམ་གྲོང་རྡལ་འདི་ཉིད“ཁེར་ཆགས་གླིང་ཕྲན”དུ་གྱུར་ནས་བཟའ་བཅའ་དང་། སྨན་རྫས། འཐུང་ཆུ་བཅས་དཀོན་པ་དང་འགྲམ་ཕྱོགས་སུ་སྐྱེལ་རྒྱུའི་དངོས་ཟོག་ཀྱང་མིར་བརྟེན་ནས་དབོར་འདྲེན་བྱེད་དགོས་ཀྱི་ཡོད་པས། ཉེན་གྱར་མང་ཚོགས་6000ལྷག་ཙམ་ལ་ད་དུང་འཚོ་བའི་དངོས་ཟོག་འདང་གི་མེད།
         ཛ་དྲག་གི་གནས་ཚུལ་དེར་དམིགས་ནས་རང་སྐྱོང་ལྗོངས“4•25”ས་ཡོམ་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུས་ཚོགས་འདུ་འཚོགས་ཏེ་ལམ་གཤོང་གི་ཇུས་གཞིར་ཞིབ་འཇུག་བྱས་ནས་ཞིབ་ཕྲའི་བྱ་ཐབས་བཟོས་པ་དང་འབྲེལ་ལམ་གཤོང་རྒྱུ་དེ་ཡོམ་འགོག་གེགས་སེལ་གྱི་འགག་གནད་ཞིག་ཏུ་བརྩིས་ནས་ཉིན་མཚན་བསྟུད་མར་ལག་རྩལ་བྱང་ཆུབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ལམ་གཤོང་འཕྲལ་སྒྲུབ་རུ་ཁག་སྒྲིག་འཛུགས་ཀྱིས་ལམ་གཤོང་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་སྔ་རྗེས་སུ་མི300ལྷག་ཙམ་དང་འཕྲུལ་སྒུལ་ཆེ་རིགས30ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་ལམ་བཤངས་པ་རེད།
         ●རང་ལྗོངས་ཀྱི་འཕྲིན་གཏོང་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་འཕྲལ་སྡོམ་གྱི་འཕྲིན་ལམ་ཤར་གཏོང་ཡོང་བ་བྱས་པ།
         ཟླ་4ཚེས་27ཉིན་གྱི་ཆུ་ཚོད་15དང་སྐར་མ་58ལ་བོད་ལྗོངས་སྒུལ་བདེའི་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་རུ་ཁག་གིས་དཀའ་བ་ཁྱད་དུ་བསད་ནས་དིང་རི་རྫོང་རོང་ཤར་ཤང་དུ་བསྐྱོད་དེ་འཕྲིན་གཏོང་སྒྲིག་ཆས་བཀོལ་སྤྱོད་དང་སྐད་བརྡའི་འཕྲིན་ལམ་ཤར་གཏོང་ཐུབ་པ་བྱས་པས་རོང་ཤར་ཤང་དང་ཕྱི་རོལ་གྱི་འཕྲིན་གཏོང་འབྲེལ་ལམ་སླར་གསོ་བྱུང་བ་དང་། ཆུ་ཚོད་18དང་སྐར་མ་26ཐོག་འགྲམ་གྲོང་རྡལ་གྱི་ཕུག་ལམ་གྱི་ཤུར་ཁ་ཤར་བགྲོད་ཐུབ་ནས་བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འཕྲལ་མར་བོད་ལྗོངས་གློག་འཕྲིན་དང་བོད་ལྗོངས་སྒུལ་བདེའི་འཕྲིན་གཏོང་མྱུར་བཟོའི་རུ་ཁག་གི་མི་13གྱིས་མཚོ་དོན་ལས་སྒྲུབ་སྲུང་སྐར་ཁ་པར་ཁྱེར་ནས་འཕྲལ་མར་ས་ཆ་དེ་གའི་གྲ་སྒྲིག་འཕྲལ་སྡོམ་སྲུང་སྐར་མ་ལག་སྤྱད་དེ་ཕྱི་ཕྱོགས་དང་འབྲེལ་ལམ་བཙུགས་ནས་ས་ཆ་དེ་གའི་གེགས་སྐྱོབ་བཀོད་འདོམས་བྱ་བར་འཕྲལ་སྡོམ་ཆ་འཕྲིན་འགན་ལེན་བྱས་པ་རེད།
         ●ལྗོངས་སྤྱི་བདེ་ཐིང་གི་རོགས་སྐྱོབ་དངོས་ཟོག་ཁག་གཉིས་པ་གེགས་ཁུལ་ལ་བཏང་བ།
         ཟླ་4ཚེས་28ཉིན་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་གེགས་བར་བྱུང་བའི་སྤྱི་བདེའི་ལས་ཁུངས་ལ་རོགས་སྐྱོབ་དངོས་ཟོག་ཁག་གཉིས་པ་སྤྲད་པའི་ནང་། ཁན་སྦྱར་འོད་འཕྲོ་ཅན་དང་། སྲིང་བལ་བར་འཚངས་གོས་ཆེན། སྲིང་བལ་བར་འཚངས་ལྷམ། ཀོ་བའི་ལག་ཤུབས་བཅས་སྣ་ཚོགས་1000དང་། དེ་བཞིན་སྲིང་བལ་གུར་50དང་། ཉལ་ཁུག་100 ཆར་གོས་400 གློག་བཞུ་400 འོད་ལྡན་བཀོད་འདོམས་རྒྱུག་པ་200བཅས་ཡོད་པ་དེ་དག་གེགས་ཁུལ་ལ་འབྱོར་འཕྲལ་དགོས་མཁོར་གཞིགས་ནས་སྤྲོད་རྒྱུ་ཡིན་པ་དང་། ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17ལ་ལྗོངས་སྤྱི་བདེ་ཐིང་གིས་སླར་ཡང་དངོས་ཟོག་སྤྲད་པའི་ནང་གཏེར་ཆུ་སྒམ་2000དང་། སྦང་ཐུག་སྒམ་500 འོ་ཇ་སྒམ་60 ལམ་རྒྱགས་སྒམ་60 སྟབས་བདེའི་ཟས(ཁ་ཟས་དང་། འགྱིག་ཐུམ་གཙབ་ཤ ཚལ་བསྙལ་མ་སོགས་ཚུད)སྒམ་166བཅས་ཡོད་པ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་12.7རི་བ་དེ་དག་སྐྱེལ་བའི་ལམ་བར་ལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།