མི་དམངས་དྲ་བ།

༄༅།།འདི་ལོའི་ཟླ་དགུ་པའི་ནང་ཞིས་ཅིན་ཕིང་ཨ་རིར་འཚམས་འདྲིར་ཕེབས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཁ་དན་གནང་བ་ལྟར་ཞལ་པར་བསྐྱོན་ཏེ་གླེང་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཕན་ཚུན་དཔྱིད་དཔལ་གསར་བཞད་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་དང་། ལོ་གསར་པའི་ནང་ཐུན་མོང་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འབྲེལ་བ་འཛུགས་སྐྱོང་བྱ་རྒྱུའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱ་རྒྱུར་མོས་མཐུན་བྱུང་བ་རེད། 
      ཨའོ་པ་མ་ཡིས་ཞིས་ཅིན་ཕིང་གིས་ད་ལོའི་ཟླ་བ་9པར་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་དང་སྦྲགས་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུའི་གདན་འདྲེན་ཞུས་ཤིང་། ཞིས་ཅིན་ཕིང་གི་གདན་འདྲེན་དང་ལེན་གནང་བ་དང་། ཕྱོགས་གཉིས་ཀས་འཚམས་འདྲིར་ལེགས་འགྲུབ་ཡོང་བར་བྱ་ཕྱིར་ཕྱོགས་ཡོངས་ནས་གྲ་སྒྲིག་བྱ་རྒྱུར་མོས་མཐུན་བྱུང་བ་རེད། 
     རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ད་དུང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུལ་ལ་རྒྱལ་ཁབ་ཐོབ་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་རྒྱུ་དང་། འཕྲིན་དྲའི་བདེ་འཇགས། དབྱི་རན་གྱི་ཉིང་རྡུལ་སྐོར་གྱི་གནད་དོན། ཁོ་རེ་ཡ་གླེང་ཕྲན་ཕྱེད་ཙམ་གྱི་གནས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་དགོངས་འཆར་བརྗེ་རེས་གནང་བ་དང་། ཕན་ཚུན་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གནད་དོ་གལ་ཆེན་ཐག་གཅོད་བྱ་དགོས་ཞེས་གསུངས་པ་རེད།