མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་
ཐེངས་དགུ་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོད་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་གནང་ཞིང་། གྲོས་ཚོགས་ཐོག་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གིས་གཏན་ལ་ཕབ་པའི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་ཅན་དུ་བསྒྱུར་རྒྱུའི་འཆར་འགོད་དང་། འབྲུ་རིགས་བདེ་འཇགས། ཆུ་བདེ་འཇགས། ནུས་ཁུངས་བདེ་འཇགས། གསར་གཏོད་སྐུལ་འདེད་ཀྱིས་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་པའི་དངུལ་ཁང་འཛུགས་འགོ་རྩོམ་པ། དར་གོས་འགྲུལ་ལམ་གྱི་ཐེབས་རྩ་འཛུགས་པ་ལ་སོགས་པའི་ལས་དོན་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་ཚུལ་གྱི་སྙན་སེང་ཞུ་བ་གསན་པ་དང་། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་ཀྱི་རྩ་གནད་ལ་གྲོས་ཞིབ་དང་ཞིབ་འཇུག་བྱས་པ་རེད།
      ཞིས་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྟེ་ལོ་གཉིས་ཀྱི་རིང་ལ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གིས་གྲོས་ཚོགས་ཐེངས་བརྒྱད་འཚོགས་ནས་བསྒྲུབ་དགོས་པའི་དོན་ཆེན་མང་པོ་གཏན་འབེབས་བྱས་ཡོད། དོན་ཆེན་འདི་དག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་ཡོད་མེད་ཞིབ་བཤེར་ཞིག་བྱ་དགོས་ངེས་རེད། སྤྱི་ཡོངས་ནས་བལྟས་ན། སྡེ་ཁག་ཁག་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གིས་གཏན་ལ་ཕབ་པའི་ལས་དོན་བློ་ཐག་རྦད་ཆོད་ཀྱིས་སྒྲུབ་རྒྱུའི་སྤྱོད་ཚུལ་འཛིན་པ་དང་། བསམ་བློ་གཏོང་ཕྱོགས་གསལ་པོ་ཡིན་ལ། ལས་སྒྲུབ་བྱ་རིམ་ཡང་དགོས་འདུན་དང་མཐུན་པ་རེད་ཅེས་གསུངས་པ་རེད།